R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༩༦
[A:༢༩༦]བཞིན་མཐའ་གཅོད་ཀྱི་བཤད་པ་རྒྱས་ཤིང༌། ཐུན་མོང་མ་ཡིན་པའི་གསུང་ངག་གི་ཞལ་གདམས་འགྲིལ་བ། ཉམས་མྱོང་གི་འཆར་ཚུལ་དང་བཅས་པའི་དམིགས་རིམ་ལ་ནན་ཏན་གྱིས་བསྒོམ་པ་སོགས་ཚད་མ་སྙན་བརྒྱུད་བཞིས་གདམས་ངག་གི་སྤྲོས་པ་ཐམས་ཅད་བཅད་དེ། སྤྱིར་རྒྱལ་བའི་གསུང་རབ་མཐའ་དག་གི་ཉམས་ལེན་དང༌། ཁྱད་པར་གསང་སྔགས་སམ་བླ་མེད་ཀྱི་ལམ་གྱིས་བགྲོད་ཚུལ་ལ་འཇིགས་པ་མེད་པའི་རང་བྱན་ཆུད་པར་མཛད། གཞན་ཡང་སློབ་དཔོན་ཏོག་རྩེ་པའི་ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་ལ་སོགས་པ་ལམ་སྐོར་ཕྱི་མ་བརྒྱད་ཀྱང་སོ་སོའི་དབང་བསྐུར་དང༌། བྱིན་རླབས་ཀྱི་ཆོ་ག་སྔོན་དུ་འགྲོ་བས་ཁྲིད་ཚུལ་རྣམས་ཞིབ་པར་མཛད། ལམ་འབྲས་ཀྱི་རྒྱུད་དབང་སྐབས། རྣལ་འབྱོར་དབང་ཕྱུག་བིརྺ་པའི་ལུགས་ཀྱི་སྙིང་པོ་ཀྱེ་རྡོ་རྗེ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་ཚེ། བླ་མའི་བཀའ་ལུང་དུ་ཞ་ལུ་བ་འདི་རྣམས་ལག་ལེན་གྱི་རང་མཐོང་ཆེ་བས། ཡོལ་ནས་རྗེའི་དྲུང་གིས་རྡུལ་ཚོན་གྱི་ཕྱག་བྲིས་ལེགས་པ་ཞིག་མཛོད་གསུང་བ་ཕེབས། དཀྱིལ་འཁོར་འདྲི་བར་ཚུགས་དུས་ཞ་ལུ་ན་བྲིས་ལེགས་པའི་ཁུལ་འགའ་ཟུང་ཡང་བྱུང་བས། ཁོང་རྣམས་ཀྱི་སྒོ་རེ་རེ་དང༌། རྗེའི་དྲུང་གི་སྒོ་གཅིག་འདྲི་བའི་དབུ་ཚུགས་དུས། རྗེའི་དྲུང་གི་ཕྱག་བྲིས་ཀྱི་སྤུས་གཙང་ཁྱད་མཐོང་བས་ཁོང་རྣམས་མཛངས་ཏེ་འདྲི་མ་ནུས། དཀྱིལ་འཁོར་ཚང་མ་འདི་ནས་ཕྱག་བྲིས་མཛད། ཟིན་དུས་བྲིས་ལྷོངས་ཆེ་ཞིང་ཞིབ་པ་ལ་ངོ་མཚར་སྐྱེས་ཏེ་དཔེའི་ཕྱག་བྲིས་ཞུ་བ་མང་དུ་བྱུང༌། གསུང་ངག་གི་དབུ་ན་མར་རྗེ་གཞོན་ནུ་བློ་གྲོས་དང༌། མཁས་པ་རབ་བརྟན་པ་གཉིས་ཀྱིས་ཟིན་བྲིས་ཀྱང་ཐོག་ཅིག་མཛད། མཻ་ཏྲི་མཁའ་སྤྱོད་ཀྱི་བྱིན་