R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༠༠
[A:༣༠༠]སྒོ་ནས་ཕེབས་པ་མི་ལེགས་པས་འཐེན་པ་ཞུ་གསུང་བ་དང༌། ཆབ་ཤོག་ཏུ་ཞིབ་འཁོད་ཀྱི་བླང་དོར་བསླབ་སྟོན་དུས་གསུམ་དུ་དགེ་བ་དང་བཅས་པ་ཕེབས། དེ་ནས་མ་འགྱངས་པར་དགེ་བའི་གཤེས་གཉེན་བོད་མཁར་རིན་པོ་ཆེ། ནཱ་ལེནྡྲ་ཆོས་བཞིའི་ལས་ཐོག་ཏུ་ཕེབས་ཞོར་ནས། ཡོལ་དུ་ཐོགས་ཤས་བཞུགས་ཏེ་རྗེ་ཚར་པ་ནས་བརྒྱུད་པའི་མགོན་དབྱངས་རྣམས་གཅོད་པ་དང༌། ཕྱག་དྲུག་གི་གཏོར་དབང་བར་ཆད་ཀུན་སེལ་ཞིག་གསན་ནས་བོད་མཁར་རིན་པོ་ཆེ་ནཱ་ལནྡྲར་ཐེགས། རྗེ་ཡོལ་བ་རི་གོང་དུ་སྐུ་མཚམས་ཟླ་བ་གསུམ་གནང༌། རི་གོང་གི་ཁད་ཉེ་སར་གཟིམས་ཁང་གསར་བཞེངས་ཀྱི་ས་དམིགས་གཉིས་ཙམ་ཡོད་པ་ལས་གང་དུ་ལེགས་བརྟག་པ་གནང་དུས་ཉིན་གཅིག་ཉེ་ནས་ཀུན་དགའ་བློ་གྲོས་ལ་ཁྱོད་རང་ཤར་གྱི་མཐའ་གསེབ་ཕ་གི་ན་ཅི་འདུག་ལྟོས་ཤོག་གསུང་བ་བྱུང་འཕྲལ། རི་གོང་ནས་བབས་ཏེ་མཐའ་གསེབ་ཀྱི་ནགས་ཁྲོད་དེར་ཕྱིན་པས། སེ་ཁྲོད་ན་ཁང་ཤུལ་ཁ་ཤས་འདུག་པའི་གོང་གི་ཁང་ཤུལ་ལྷོ་མ་དེར་མདའ་དར་ཞིག་འདུག །དེའི་གོང་དུ་མིས་ཕྱིན་པའི་ཤུལ་རྗེས་ནི་མི་སྣང༌། མདའ་དར་བླངས་ནས་ཡོངས་ཏེ་མགོན་ཁང་དུ་ཕྱིན་ཐུགས་དམ་གྲོལ་མཚམས་ལ་ཕྱག་ཏུ་ཕུལ་བས་ག་ན་འདུག་གསུང་པ་ལ། མཐའ་འཁྲིས་ཀྱི་ལྷོའི་ཁང་ཤུལ་ན་འདུག་ཞུས་པས།རེ་ཞིག་སུ་ལ་ཡང་མ་ཤོད་ཅིག་གསུང༌། ས་དེ་སྔོན་སངས་རྒྱས་གཉན་སྟོན་དཔོན་སློབ་ཀྱི་དུས་རི་གོང་ལ་དགོན་པ་མ་དང༌། དེར་ཡང་དགོན་མཛད་པའི་ཤུལ་ཡིན་པས། ཡོལ་ཕུ་ཡང་དགོན་གྱི་གཟིམས་ཁང་དང༌། བསམ་གཏན་ཁང་མང་དུ་སྤེལ་བའི་ཕྱིར། གྲ་པ་རྣམས་གཡས་གཡོན་གྱི་ནགས་ཁྲོད་ན་ཡོད་པའི་འོད་གསལ་ཕུག་དང༌། དངོས་གྲུབ་ཕུག །སྨན་ཕུག །བྱ་རོག་