R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༠༥
[A:༣༠༥]མཆོད་ཆོག་རྒྱས་པར་གྲ་ཚང་བྱིན་པོ་དང་ལྷན་དུ་བསྒྲིགས་འདོན་མཛད། རིན་པོ་ཆེ་ཉིད་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ངང་ནས་ཐུགས་ཡིད་བསྲེས་ཏེ་ཟབ་མོའི་དོན་ལ་རྩེ་གཅིག་ཏུ་བཞུགས། དེ་ནས་བཟུང་གཟིམས་ཁང་དེ་ཉིད་དུ་བཅར་བཞུགས་ཀྱི་སྐུ་མཚམས་དམ་པོ། ཕྱག་གཡོག་གཅིག་རང་ལས་སུ་ལ་ཡང་མཇལ་ཁ་མེད་པར་བསྡམས། གྲ་ཚང་རྣམས་ཀྱང་སོ་སོའི་སྤྱིལ་བོ་དང༌། ཕུག་པ་རྣམས་སུ་ཐུགས་དམ་དང༌། དཔེ་མཚམས་གང་འོས་ལ་བཞུགས་པ་དང༌། རེས་འགའ་རིན་ཅེན་གླིང་དང་བྱང་གླིང་གི་གྲ་ཚང་དུ་སྒྲིགས་ལ་གནས་པར་བཞུགས་པ་སྤེལ་མར་ཡོད། གྲ་པ་རྣམས་སྟོན་དུས་སྐྱིད་འཕན་ཚུན་བསོད་སྙོམས་བཏེག་དུས། འཕན་ཡུལ་གཞུང་གི་སྡེ་རིས་ཆེ་ཕྲ་རྣམས་ཀྱི་སར་གཏོར་སྒྲུབ་བསྐང་གསོ་དང་བཅས་པ་ཞག་སྦྲེལ་དུ་མ་དང༌། འགའ་ཞིག་གི་སར་གཏོར་བཟློག་རེ་ཙམ་དང་བཅས་པའི་འགྲོ་ཕན་ལ་རྙེད་པ་བཟང་རབ་ཡོང་བ་དང༌། གཞིས་དགོན་དུ་བཞུགས་དུས་ཀྱང་ཞབས་ཏོག་ཟུར་པ་ཕྲན་ཚེགས་དང་བཅས་པས། ཟྭའི་དཀའ་ཐུབ་མཛད་མ་དགོས་ཙམ་དང༌། ཡང་དགོན་དུ་རིན་པོ་ཆེ་ཕྱག་གཡོག་བཅར་སྡོད་རེ་དང་བཅས་པ་ལ། རིན་ཅེན་གླིང་ནས་དབོན་རིན་པོ་ཆེས་གསོལ་ཕོགས་ནར་མ་དང༌། སྙུག་ལ་ལྷུན་རབ་སོགས་ཡན་ཕྱིན་ནས་ཀྱང་ཟུར་གསོས་འབུལ་ཆ་བཞིན་གྱི་རེས་འགའ་ནི་བཟབས་ཤོམས། རེས་སྟེང་ཤོད་བཞིན་བྱུང་དུས་ཉེ་གནས་ཀྱིས་མངོན་ཚན་ཆུང་ངེ་བའི་ལྐོག་ཏུ་སྐུ་ཆས་བདོག་འཚོལ་རེ་དགོས་བྱུང་རུང༌། རིན་པོ་ཆེ་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། སྦྱིན་བདག་ཆེ་ཆུང་སུའི་ཡང་ངོ་མི་འཛིན། བརྒྱ་བཤིག་ནས་སྟོང་འགུགས་པའི་ཐབས་བླ་མ་རང་གིས་མི་མཛད་