[A:༣༠༦]པར་མ་ཟད། ཉེ་གནས་རྣམས་ཀྱང་བྱེད་དུ་མི་འཇུག །ཡོ་བྱད་སྤེལ་བའི་ཚོང་སོ་ནམ་འབུན་བསྐྱེད་སོགས་འཇིག་རྟེན་པ་དང་མཐུན་པའི་འཛིན་བཀོད། རྒྱལ་བས་དམོད་པའི་སྤྱོད་པ་རྣམས་ལ། དུས་སྙིགས་མའི་ཆོས་པར་རློམ་པ་ཕལ་ཆེར་ངན་འགྲན་དུ་རེམས་ན། གྲུང་པོའི་བསྟོད་ར་གཏོང་བ་འདུག་རུང༌། རིན་པོ་ཆེའི་དྲུང་དུ་ཕྱག་གཡོག་ཁ་ཅིག་གིས། ཚོང་རེ་ཙམ་མ་བྱས་ན་ཐབ་མི་ཟིན་པར་འདུག་པས། འདི་དང་འདི་འདྲ་བ་བྱེད་པར་འཐད་ཞུས་ན། བསླབ་སྟོན་དུ་ཁ་རེག་སྒོམ་ཆུང་གི་གསུང༌། ཚེ་འདིའི་ལྟོ་རྒྱབ་ཇི་ལྟར་བྱས་ཀྱང་སླ། །ཞེས་སོགས་ཀྱི་ལུང་བསྐྱར་ནས། ངེད་རང་ལ་དཀོན་ཅོག་གི་ཐུགས་རྗེས་ཕུན་སུམ་ཚོགས་པ་འབྱུང་ཡང་སྲིད། དེ་མ་བྱུང་ཡང་རི་དང་ཐུག་པ་མ་ཆད་ཙམ་ནི་ཡོང༌། འདིར་བསྡད་ནས་ཚོང་ལ་སོགས་པའི་ལོག་ཞུགས་མི་བྱེད་གསུང༌། ཡོན་བདག་དྲག་ཞན་རྣམས་ཀྱི་བསྙེན་བཀུར་གང་བྱུང་ལ་བརྟེན་པས་འབྱོར་རྒུད་སྣ་ཚོགས་ཀྱི་ཞབས་ཏོག་བཟང་ངན་གང་བྱུང་ཡང་ཉོན་མི་མོངས་ཤིང་སྡུག་བསྔལ་གྱིས་མི་བརྫི་བར་སྐུ་མཚམས་དམ་པོ་ལ་བཞུགས་ལོ་གསུམ་གྱི་བར་མ་ཆད་དུ་མཉམ་རྗེས་ཟུང་འབྲེལ་ལ་རྩེ་གཅིག་ཏུ་བཞུགས་པས། ཐུགས་དམ་ཇེ་མཐོར་ཕེབས་པའི་དྲོད་རྟགས་ཁྱད་པར་ཅན་བྱུང་ཡོད་འདུག་རུང༌། ནང་གི་ཡོན་ཏན་གཞན་ལ་སྒྲོག་པར་མི་མཛད། གསུང་གི་ཟུར་དང་རང་གཞན་གྱི་དོན་མཛད་ཚུལ་དཔགས། ཟབ་ལམ་རིམ་པ་གཉིས་ཀྱི་ཐུན་བཞིའི་རྣལ་འབྱོར། མཉམ་རྗེས། ལམ་གྱི་ཡན་ལག་དང་བཅས་པ་ཉིན་མཚན་མ་ཆད་པར་ཐུགས་ཉམས་སུ་བསྟར་ཞིང༌། སྣང་སྟོང༌། བདེ་སྟོང༌། གསལ་སྟོང༌། འགལ་འདུས་སྐྱོན་མེད་གསུམ་གྱི་དུག་ཕྱུང་བས། གཟུང་འཛིན་རྣམ་རྟོག་གི་