R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༠༤
[A:༣༠༤]རྒྱང་ཙམ་བཞུགས། སོས་ཀ་ཅིག་གྲ་ཚང་དང་བཅས་དཔོན་སློབ་ཞེ་མཐུན་ཉི་ཤུ་རྩ་གྲངས་རྭ་བསྒྲེང་སྐོར་དུ་ཕེབས་པའི་ལམ་ཞོར་གེ་རེ་ལྷ་ཁང་ནས་བཟུང༌། སྐྱིད་འཕེན་ཕྱོགས་ཀྱི་མཆོད་མཇལ། སྙེ་ཐང་འོར་དུ་ཇོ་བོ་ཨ་ཏི་ཤའི་ཐུགས་དམ་རྟེན་དང་སྐུ་འབུམ། སྟོང་ལུང་ར་ཆག་གི་རྡོ་རྗེ་རྣལ་འབྱོར་མ། ནཱ་ལནྡྲའི་ཀུན་མཁྱེན་རོང་པོའི་དངུལ་གདུང་སོགས་རྟེན་གསུམ་གཟིམས་ཁང་གོང་འོག་གི་མགོན་ཁང་སོགས་མཆོད་མཇལ་ཞིབ་པ། འཕན་ཡུལ་དཔལ་ལྡན་རྩེར་སྔོན་བདག་ཆེན་རྡོ་རྗེ་འཆང་གིས་བཞེངས་པའི་མགོན་ཁང་ཆོས་སྐྱོང་གི་ལུང་བསྟན་བརྙེས་པའི་གནས་རྣམས་སུ་མཇལ་ཁ་དང་ཐུགས་དམ་མཛད། དཔལ་ལྡན་རྩེར་ཕེབས་དུས་སྡེ་པ་མཁར་རྩེ་བས་ངོ་མཁྱེན་ཏེ། ནང་སོ་ཞལ་ངོ་མྱུར་སྟབས་སུ་ཕེབས་ནས། གུར་མགོན་ལྕམ་དྲལ་གྱི་རྗེས་གནང་ཞུས། ཞབས་ཏོག་འབུལ་ནོད་མཛད། དེ་ནས་སྟག་ལུང་ཐང་གི་མཆོད་མཇལ་རགས་པ་རྣམས་ཟིན་ནས། རྭ་བསྒྲེང་ལ་ཕེབས་ལམ་དུ་མི་ངན་མང་པོ་ཆས་པ་དང་ཐུག་བླ་མ་དཔོན་སློབ་བཟང་པོར་འདུག་ཟེར་སུ་ལའང་གནོད་པ་མ་བྱས། རྭ་བསྒྲེང་དུ་ཕེབས་ནས་ཇོ་བོ་འཇམ་པའི་རྡོ་རྗེ་དང༌། དཔལ་ལྡན་ཨ་ཏི་ཤའི་ཞལ་ཐང་དབུ་ཡོན་མ་ཞལ་གཟིགས་འཕྲལ་ཐུགས་དད་ཀྱི་ཤུགས་ལྷག་པར་འཁྲུངས། སླར་ཕྱིར་ཕེབས་ལམ་སྐྱིད་ཤོད་གཞུང་ལ་སྟོན། གནས་མཇལ་དང་ཡུལ་གཟིགས་མང་པོ་མཛད། དེ་ནས་གུང་ཐང་ཡེར་པ་ལྷ་ས་རྣམས་སུ་མཇལ་ཁ་སྨོན་ལམ་གནང༌། སླར་ཡོལ་དུ་ཕེབས་དེའི་ལོ་ཟླ་བ་བདུན་པའི་བཅོ་ལྔ་མཆོད་པ་ལ་ཡང་དགོན་དུ་རྗེ་ཚར་ཆེན་གྱི་ཞལ་ཐང་ཕྱག་ནས་བཞུགས་པ་ཞིག་གཙོ་བོར་བཀྲམ་པའི་རྟེན་བྲིས་འབུར་བཀོད་ལེགས་པར་བཞུགས་པའི་མདུན་དུ། ཉེར་མཆོད་ལྔའི་ཕྲེང་བ་བརྒྱ་ཕྲག་དུ་མ་བཤམས། བླ་མ་