R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༠༧
[A:༣༠༧]འཇུག་པ་ཞི། མཐའ་གཅིག་ཏུ་ལྷུང་བའི་ལམ་ལ་ཆགས་པའི་གོལ་ས་བཅད། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཟུང་འཇུག་ཏུ་ཤར་བས་བློ་འདས་རྟོགས་པ་དོན་གྱི་ཕྱག་རྒྱ་ཆེན་པོའམ། བྱང་ཆུབ་ཆེན་པོའི་ལམ་དུ་སོན་པར་ངེས་སོ། །གསུམ་པ། རང་ཉིད་ཀྱི་ཐུགས་ཉམས་སུ་མྱོང་བའི་ལམ་བཟང་སྣོད་ལྡན་ལ་གསལ་བར་མཛད་པ་ལས་ཕྱེ་སྟེ་བསྙད་ན། དེ་ལྟ་བུའི་བསྒྲུབ་པ་དབེན་གནས་གཅིག་པོ་དེར། སྐུ་ཚེ་དང་མཉམ་པར་སྐྱོང་བ་ཁོ་ན་ལ་དགོངས་པ་བཞེད་ན་ཡང༌། དུས་ལ་བབས་པའི་གཞན་དོན་གྱི་ཐུགས་རྗེས་བསྐུལ་ཏེ། ཆོས་ཞུ་བ་མང༌། ཡར་འབྲོག་སྟག་ལུང་གི་ཐར་གླིང་ཆོས་སྡེ་ནས་སྔགས་རམ་པ་བྱོན་ཏེ། གུར་མགོན་གྱི་ཆོས་སྐོར་ཞུ་བ་དང༌། སྟོད་ལུང་པ་རར་རྗེ་ཚར་ཆེན་གྱིས་འཛུགས་པ་གནང་བའི་དགོན་པར་གདན་ས་ལ་ཕེབས་དགོས་པའི་ནང་སོ་སྒོ་རུམ་པ་མཆོད་ཡོན་གྱི་སྤྱན་འདྲེན། འབྲས་སྤུངས་ནས་སྤྲུལ་སྐུ་བསོད་ནམས་རྒྱ་མཚོས་གསང་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན་བཞེད་ཀྱི་ཞུ་བ་དང༌། འདར་གྲང་མོ་ཆེར་རྗེ་བླ་མའི་གདན་ས་ངོ་བོ་ལ་ཕེབས་དགོས་པའི་ཞུ་བ་སོགས་ཕྱོགས་དུ་མ་ནས་བྱུང་རུང༌། པར་ཕུ་དང༌། འདར་གྱི་གདན་ས་ལ་ཕེབས་བཞེད་ཙམ་ཡོད་པ། སྙུག་ལ་ན་དཔོན་སློབ་ཀྱིས་བཤོལ་བཏབ། སྤྲུལ་སྐུ་བསོད་ནམས་རྒྱ་མཚོ་ལ་ས་ལུགས་ཀྱི་ཆོས་ཕུལ་ན། འཕྲལ་གཏམ་དོན་ཆེ་རུང་ཕུགས་སེལ་དུ་འགྲོ་བ་འདུག་པས་མ་སྩལ་རུང༌། ཕན་ཚུན་དག་སྣང་ཆེ་ཞིང༌། ཟང་ཟིང་གི་འབྲེལ་པ་ཟབ། སྔགས་རམ་པ་ལ་མགོན་པོའི་ཆོས་སྐོར་འདོད་སྦྱར་ཙམ་གནང་བའི་ངང་ནས། སླར་ཡང་སྐུ་མཚམས་ལ་བཞུགས་རྩིས། སྣེ་སྡོང་རྩེར་སྡེ་པ་མགོན་པོ་