R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༠༨
[A:༣༠༨]བཀྲ་ཤིས་པའི་གཤེགས་རྫོང་གྲལ་དབུ་དང༌། ཚོགས་ཆེན་གྱི་མཁན་ཐོག་ཏུ་སྤྱན་འདྲེན་སྣེ་གདོང་རྩེ་མཆོད་ཡོན་གྱི་མི་སྣ་སྐྱ་སེར་སྦྲེལ་མ་གློ་བུར་དུ་འབྱོར། ཞུ་ཤོག་ཞུ་ངག་རྒྱུ་མཚན་མཐའ་སྐྱེད་ཕུལ་རུང་ཕེབས་པའི་ཞལ་བཞེས་མ་བྱུང༌། དགོངས་པའི་ཕུགས་མི་ཐེགས་པའི་ཐུགས་ཐག་རེ་ཞིག་བཅད་དུས། སྔར་ནས་ལུང་བསྟན་ཡིད་ལ་གཅགས་པའི་ཞབས་ཕྱི་བ་བློ་གསལ་བ་ཞིག་གིས་ཞ་ལུ་རི་ཕུག་ནས་དབུས་ལ་ཕེབས་གདོང་རྗེ་ཚར་ཆེན་གྱི་བཀས་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱི་སྐུ་ཚབ་ཏུ་བསྐོས་པའི་མཉེལ་གསོ་ཕུལ་བས་སླར་ཞལ་གྱིས་བཞེས་ཏེ། སྣེ་གདོང་ནས་གདན་འདྲེན། སྙུག་ལ་ནས་ཕེབས་སྐྱེལ་དང་བཅས་མྱུར་སྟབས་སུ་ཕེབས། གཟའ་ཚེས་ཀྱི་སྦྱོར་བ་ཤིས་པ་དང་བསྟུན། ཐོག་མར་བདེ་ཡངས་ཀྱི་ཁྲི་ཐོག་ཏུ་མཁན་སར་སྤྱན་འདྲེན་པ་དང༌། སྡེ་པ་མགོན་བཀྲས་པའི་དགོངས་རྫོགས་ལྷན་ཅིག་ཏུ་མཛད༌། དེ་ནས་བཟུང་ཁྲི་ཐོག་ཏུ་ལོ་བཅོ་ལྔ་བཞུགས་པ་གནང་རིང༌། སྡེའི་འཛིན་སྐྱོང་ཕུལ་དུ་ཕྱིན་པ་ནི། སྔར་བདེ་གཟར་གྱི་ཕྱོགས་འདེད་ལ་བརྟེན་པའི་མཆོད་གཞིས་སྡེ་རིས་སོ་སོས་བསྡམས་ཡར་ཡོད་པ་རྣམས་ཚུར་རིམ་གྱིས་ལྷོགས། རྩེ་དོལ་སྔོན། འཕྱོང་རྒྱས་པས་སྣ། གོང་དཀར་ཡར་རྒྱབ་རྣམས་སུ། སྔ་ཕྱིར་བདེ་གཟར་གང་འདུག་གང་ཡོད་དུ་ཞུ་ཆིངས་གནང་བས་ཆེ་སར་ཞབས་འདེགས། དམངས་ལ་བདེ་འཇགས་ཡང་ཡང་བྱུང༌། དགེ་འདུན་ཚོགས་པའི་སྒྲིགས། བར་སྐབས་སུ་ཅུང་ཟད་ལྷོད་པ་ལ་ཕེབས་འཕྲལ་ནས། ཐུགས་རྩོལ་རིམ་ཅན་དུ་གནང་བའི་མཐར་ནག་ཁྲིམས་དམ་པར་མཛད། མཚན་ཉིད་གྲ་སར་སློབ་གཉེར་ལ་ཡོད་པ་རྣམས་ལ་བདེ་ཡངས་