R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༠༩
[A:༣༠༩]ཀྱི་ཚོགས་སྐལ་གཏོང་བའི་སྲོལ་གསར་བཙུགས་དང༌། རྩ་གྲ་དེ་ཉིད་དུ་སོ་ཐར་རིགས་བདུན་གྱི་སྡོམ་པ་འབོགས་ཆོག །གཞི་གསུམ་གྱི་ཕྱག་ལེན་རྣམས་ལ་དག་སྦྱོར། ཚོགས་འདོན་སྒྲིགས་མ་རྣམས་ལ་བཞུགས་ཁྲིའི་ཁར་ཕེབས་པའི་ཐུགས་རྩོལ་ཆེ་བ་དགོངས་མོའི་ཆོས་སྤྱོད་གྲོལ་ནས་གཟིམས་ཆུང་དུ་ཕེབས་འཕྲལ། ཐུགས་དམ་ལམ་དུས་གཏོར་བསྔོ་རྒྱས་པ་དང་བཅས་པ། མགོན་པོ་ཆེ་ཆུང་གི་སྲུང་འཁོར་བདག་བསྐྱེད་གསང་འཁྲིད་དང་བཅས་པ། ནཱ་རོ་མཁའ་སྤྱོད་ཀྱི་བསྐྱེད་རྫོགས་དང༌། སྒྲོལ་དཀར་གྱི་ཐུགས་དམ་སོགས་རྒྱུན་གྱི་འཆག་མེད་མང་པོ་དང༌། ཡང་དགོན་གྲ་ཚང་ནས་ཕྱག་ཕྱིར་ཁྲོད་ཕེབས་པའི་དགེ་སློང་འགའ་ཤས་རེ་དང༌། ཚོགས་ཁྲོད་ནས་གསུང་བཟང་བ་རྣམས་ལ་མགོན་དབྱངས་གསར་གཅོད་སློབ་པ་གནང་བ་དང་བཅས་པ་ཕྱག་ཕྱིར་དཀྲིགས་པའི་ཟླ་བ་རེ་རེ་བཞིན་དུས་གཏོར་གྱི་བསྐང་གསོ་རྒྱས་པ་འཆག་མེད་དང༌། བཅོ་ལྔ་མཆོད་པའི་མཆོད་ཤམས་གཟབས་པ་རྗེ་ཚར་ཆེན་གྱི་སྐུ་བསྟོད་བརྒྱ་ཚར་དང་བཅས་པ་ལོ་སྟར་གྱི་དུས་རིམ་ཐུགས་དམ་གཏོར་བཟློག་སྟར་ཆགས་ཀྱང༌། རིན་ཅེན་གླིང་རྟག་གཏོར་སྐུ་མདུན་ནམ། ཡང་དགོན་གཟིམས་སྤྱིལ། བདེ་ཡངས་ཀ་བཞི་གང་བབ་ཏུ་མི་འཆག་པར་མཛད། མཁན་ཐོག་ཏུ་ཕེབས་ནས་དེ་དང་ཉེ་བའི་ལོ་ཕྱི་མ་ཞིག་གི་ནང་དུ་སྐྱོར་མོ་ལུང་ནས་དཔོན་ས་གདུང་བརྒྱུད་རིན་པོ་ཆེ་དགུང་ལོ་བཅོ་ལྔ་བཞེས་པ་གཅིག་སྣེ་སྡོང་རྩེའི་ཁྲི་ཐོག་ཏུ་ཕེབས་པ་ལ། དབུས་སྲིད་ནང་གཅིག་པའི་སྡེ་དཔོན་སོ་སོའི་ཞལ་ངོ་རྣམས་ལས་ཚན་ལ་ཕེབས་པའི་སྐྱ་ཧྲགས་ཆེ་བ་བསྒྲིགས། ཁྲི་ཕེབས་ཀྱི་དུས་སྡེ་དབོན་སོ་སོའི་ཐབ་