R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༡༠
[A:༣༡༠]འཛིན་ལེགས་ཇ་ཞུ་བ་སོགས་གྲུབ་ནས། རྗེ་མཁན་ཆེན་རྡོ་རྗེའཆང་གི་དྲུང་དུ་གདུང་བརྒྱུད་རིན་པོ་ཆེས་དབུ་སྐྲ་བསིལ་བར་མ་རབ་བྱུང་གི་བསླབ་པ་བཞེས་པའི་མཚན་བསོད་ནམས་རྣམ་རྒྱལ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་བར་མཛད། དེ་ནས་བཟུང་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་དང། བཀའ་བློན་ཐུགས་རྗེ་གླིང་ནས་སྡེ་པ་མགོན་པོ་དོན་གྲུབ་པ་ལྷན་དུ་ཕེབས་པའི། དཔོན་སློབ་གཉིས་ལ་ལོ་རེ་བཞིན་ཚེ་དབང་བརྒྱ་ཚར་རེ་སྒྲིགས་མར་གནང་དགོས་ཤིང༌། སྡེ་འཚོགས་དུས་གཟིམས་ཁང་ཀ་བཞིར། ཡར་རྒྱབ་ནས་སྡེ་པ་སྐུ་འབྲིང་པ་དང༌། དོལ་མངོན་རྫོང་དང༌། ལོ་མོ་ཐེག་ཆེན་གླིང་གི་རི་ཁྲོད་ལོ་མོ་དགོན་གསར་དང༌། འཕྲིན་མདའ་གཞིས་ཀ་རྣམས་སུ་འབངས་རྩིས་ནང་སོ་ལྕམ་སྲིང༌། ཚོང་འདུས་དྲག་ཁར་སྡེ་པ་ཚག་པ་ལྕམ་སྲིང༌། རྡོ་མཐོང་སྨོན་དགོན་པར་ནང་སོ་ཡུམ་སྲས། ཁུ་མི་ནས་ཞལ་ངོ་སོགས་སྡེ་རིས་ཆེ་ཕྲ་སོ་སོར་དབང་བཀའ་རྗེས་གནང་བྱིན་རླབས་ཀྱི་རིམ་པ་སྩལ་བ། ཚེ་རྟ་བརྒྱ་ཚར། སྒྲོལ་དཀར། ཀུ་རུ་ཀུལླེ། ཕྱག་རྡོར་འབྱུང་འདུལ། མཁའ་འགྲོ་མ་སེང་གེའི་གདོང་ཅན། མགོན་པོ་གུར་ཞལ། དུར་ཁྲོད་བདག་པོ། ཕྱག་དྲུག་པ། རྣམ་སྲས། བེག་ཙེ་ལྕམ་དྲལ། རྣམ་འཇོམས་སོགས་ཀྱི་རྗེས་གནང༌། བྱབ་ཁྲུས་བཀའ་བསྒོ་ལ་སོགས་པའི་བསྲུང་སྐྱོབ་ཕན་ཆ་ཡང་ཡང་མཛད། ཁྱད་པར་རྩེ་ཞབས་དྲུང་རིན་པོ་ཆེར་སྔ་ཕྱི་དུ་མར་བཀའ་ཆོས་སྩལ་བ་ནི། ཐུན་མོང་གི་ལམ་རིམ་ཕན་ཁྱབ་ཆེ་བ་ཇོ་བོ་ཨ་ཏི་ཤའི་ལམ་ཡིག །རྣམ་ཐར་བཀོད་པ་མ་ཡང་ཞུ་བ་དེ་དང༌། ནང་གི་རྣམ་ཐར་ཞེས་བཀའ་གདམས་གླེགས་བམ་ལ་ཕ་ཆོས་དང་བུ་ཆོས་པུ་ཏི་གཉིས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་ཆོས་ལ་