R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༡༢
[A:༣༡༢]སོགས་དང༌། པོ་ཏིའི་ལུང་རྣམས་རྫོགས་པར་འབུལ་བ་གནང༌། བར་སྐབས་སུ་བོད་མཁར་རིན་པོ་ཆེ་རྩེར་ཕེབས། གཟིམས་ཁང་གསར་མར་བཞུགས་ཡུལ་གནང་བ་ལ་རྟ་པོད་ཀྱི་ལུང་དང༌། ཡང་གསང་ལྷ་དགུའི་དབང་སྩལ། ལྷ་ཁང་མཁན་པོ་ནམ་བརྟན་པ་དང༌། མཁན་ཆེན་དཔལ་བསོད་པ་དང༌། ཆོས་ལུང་མཁན་ཆེན་རྣམས་ལ་ཡང་སོ་སོར་ནི་གུ། བྲག་རྫོང་མ་སོགས་ཅི་རིགས་གནང༌། རྗེ་བོད་མཁར་བ་ལ་གནས་དེར་ཕྱག་དྲུག་པའི་བཀའ་མང་ཕར་གསན་པ་ཡང་མཛད། རྩེར་སྐུ་རིམ་གྱི་གཏོར་བཟློག་ལན་འགའ་ཤས་ཞུས་པ་ལྟར་གནང་བས་བྱིན་རླབས་ཀྱི་མཚན་མ་ཡིད་ཆེས་སུ་བྱུང༌། སྐབས་ཤིག་རྩེ་ཞབས་དྲུང་ལ་སློབ་དཔོན་པདྨའི་བླ་མའི་རྣལ་འབྱོར་རྗེ་ཚར་པའི་ཞལ་གཟིགས་མ་ཞིག་བཞུགས་པ་དམིགས་ཁྲིད་དུ་སྤོད་པ་གནང་བ་ལ། ཞབས་དྲུང་གིས་སྐུ་མཚམས་ཁོག་ཏུ་ཐུགས་དམ་གནང་བའི་ཉམས་ཀྱི་གཟིགས་སྣང་ལ་སྐུ་མདུན་ཐམས་ཅད་སྦྲུལ་ཁྲ་ཤིག་ཤིག་མང་པོས་གང་བ་ཅིག་ཤར་བ་ཇི་ལྟར་ཡིན་སྙན་འབུལ་དོགས་གཅོད་ཞུ་བ་གནང་བྱུང་བའི་ལན་དུ་རྗེ་མཁན་ཆེན་ནས་ཞལ་ཏ་གནང་བར། དེའི་སྐུའི་ལུས་གནད་ཅུང་ཟད་མདུན་དུ་སྒུར་བའི་སྐྱོན་ཡིན། རྣམ་སྣང་གི་ཆོས་བདུན་དྲང་པོར་གནང་བ་ཞུ་གསུང་པ་ལྟར་མཛད་པས་ཉམས་དེ་སངས་ནས་བྱིན་རླབས་ཀྱི་མཚན་མ་བཟང་པོ་བྱུང༌། དེ་གོང་ཐུགས་རྗེ་གླིང་ནས་སྡེ་པ་དངོས་གྲུབ་རྒྱ་མཚོ་གཤེགས་གདོང་ཁོང་གིས་ཞལ་ཆེམས་བཞག་པ་ལྟར། རྗེ་མཁན་ཆེན་དྲུང་དུ་སྡེ་པ་མགོན་པོ་པས་གསོལ་བ་བཏབ་ངོར། སྡེ་པ་དངོས་གྲུབ་པའི་པུར་ལ་དབང་བསྐུར། ཞི་བའི་སྦྱིན་སྲེག་གི་ཁ་སྐོང་སུ་ཀྱེ་རྡོར་མན་ངག་ལུགས་རང་གི་དུས་ཐ་མའི་ཆོ་ག་གཞན་ཕན་