R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༡༣
[A:༣༡༣]བདུད་རྩི་ནས་འབྱུང་བ་ལྟར་དང༌། རུས་བུའི་ཆོ་ག་སཱཙྪ་རབ་གནས་དང་བཅས་པ་ཕྱག་ལེན་བཟང་པོའི་རྒྱུན་ལྟར་གནང་བས་ཞལ་བཞུགས་རྣམས་ཐུགས་ཚིམ། རིན་ཆེན་གླིང་དུ་ཡང་རྗེ་མཁན་ཆེན་སྐུ་མཆེད་གཉིས་ཀའི་ཡུམ་དྲུང་དེ་སྐུ་འདས་དུས་ཀུན་རིག་སྟོང་རྩ་ཟུང་འབྲེལ་དང་གདུང་ཞུགས་འབུལ་སོགས་བཤད་ཚོད་ཕྱག་ལེན་མཐའ་རྒྱས། ཕྱག་དྲུག་པའི་བསྐང་གསོ། བར་དོ་འཕྲེང་སྒྲོལ་གྱི་གསོལ་འདེབས་ནན་ཆགས་དང༌། ཇོ་བོ་རྗེ། ཀུན་རིག་གཉིས་ཀྱི་ཞལ་ཐང་བཞེངས་པ་ལ་རབ་གནས་ཀྱི་ཆོ་གས་ཐུགས་རྒྱུད་སྦྱངས། སྙུག་ལར་སྐུ་རིམ་གཏོར་བཟློག་གལ་ཆེ་བ་ཞིག་དགོས་བྱུང་བ་ལ། རྗེ་མཁན་ཆེན་དང༌། གཞན་ཡང་རྙིང་མའི་བླ་མ་ཞིག་ཡོད་པ་སུ་ལ་ཞུས་ན་བཟང་སྙམ་པ་བྱུང་བ། བླ་མ་གཉིས་ཀྱི་མཚན་ནང་དུ་བཅུག་པའི་ལ་ཧྲིལ་ལ་རྒྱ་བཏབ། གསལ་ཁ་མ་ཞུས་པར་ལ་ཧྲིལ་གཉིས་པོ་གང་བཟང་གི་རྟག་པ་འཇངས་ཕུ་མངོན་མཁྱེན་པ་ལ་ཞུས་པས་ཁོང་གི་གསུང་ལས། གཅིག་འདི་ལ་བཟང་ངན་གྱི་ལྟས་གང་ཡང་མ་བྱུང༌། ཆོས་སྐྱོང་གི་བྱིན་རླབས་ཀྱི་ལྟས་བཟང་པོ་ཡོད་པ་ཅིག་བྱུང་བ་དེ་འདི་ཡིན་གསུངས་རྟགས་མཚན་རྒྱབ་འདུག་པ་ཁ་ཕྱེ་བས། རྗེ་མཁན་ཆེན་གྱི་མཚན་ཐོན་པས་ཡིད་ཆེས་པར་བྱས་ཏེ། སྙུག་ལ་ལྷུན་རབ་རྣམས་སུ་གཏོར་བཟློག་གི་གསོལ་འདེབས་ངོར་སྔ་ཕྱི་དུ་མར་གནང་བས། སྐུ་རིམ་བཟློག་ཆེ་བར་བྱུང༌། ཆུ་ཤུར་ཕག་གདོང་དུ་གནས་བཅུ་གསར་བཞེངས་ཀྱི་རབ་གནས་ལ་སྤྱན་འདྲེན་བྱུང་བས་ཕེབས་ཏེ། དཔོན་སློབ་ཧྲགས་པས་རབ་གནས་དངོས་སྟ་སྦྲེལ་བ་བསྐང་གསོ་དང་བཅས་པ་གནང་བའི་ཡོན་དུ་གོས་ཆེན་ངུར་སྨྲིག་གི་སྣམ་སྦྱར་སོགས་