[A:༣༡༤]ཕུལ་ཏེ་དགའ་སྟོན་མཛད་ལ་གྲོལ་ནས་ཕེབས་རྗེས་སྟོན་སེར་ཁ་ཡང་དགོན་དུ་སྐུ་མཚམས་ཤིག་ལ་བཞུགས། ཕྱག་ཕྱི་བ་འགའ་ཟུང་ལ་གསུང་འདི་བཞིན་གནང༌། ན་མོ་གུ་ར་ཝེ། རྗེ་དུས་གསུམ་སངས་རྒྱས་ཀྱི་ངོ་བོ་ཉིད། །བཀའ་དྲིན་མཉམ་མེད་ཀྱི་རིན་པོ་ཆེ། །ཕ་བློ་གསལ་རྒྱ་མཚོའི་ཞབས་ལ་འདུད། །བདག་བརྩེ་བའི་ཐུགས་རྗེས་བསྐྱང་དུ་གསོལ། །ཁྱེད ་དད་ལྡན་མཆེད་གྲོགས་ཀྱིས་བསྐུལ་བའི་ངོར། །སྤྲང་པོ་ངའི་ཐོག་མཐའ་བར་གསུམ་གྱི། །རྟོགས་བརྗོད་སེམས་ལ་ཤར་བ་འདི། །ཁྱེད་མཆེད་གྲོགས་རྣམས་ལ་ཞུ་བས་ན། །སྙན་ལན་ཅིག་བདག་ལ་གསན་པར་འཚལ། །ང་སྔོན་ཆད་དགེ་བའི་འཕེན་ཤུགས་ནི། །ཅུང་ཟད་ཡོད་པའི་རྟེན་འབྲེལ་གྱིས། །རྟེན་དལ་འབྱོར་རྡོ་རྗེའི་ལུས་མཆོག་ཐོབ། །སངས་རྒྱས་ཀྱི་བསྟན་པ་དར་དང་མཇལ། །གཞོན་དུས་ནས་དམ་པའི་ཆོས་སྒོར་ཞུགས། །རྗེ་མཚན་ལྡན་གྱི་བླ་མས་རྗེས་སུུ་བཟུང༌། །ཆོས་རྡོ་རྗེ་ཐེག་པའི་ཡང་སྙིང་ཐོབ། །གནས་རི་ཁྲོད་དབེན་པའི་བས་མཐའ་བསྟེན། །ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ། །འབད་རྩོལ་གྱི་ཉམས་ལེན་ཨེན་རེ་བྱས། །ཕ་རྗེ་བཙུན་བླ་མའི་བྱིན་རླབས་ཀྱིས། །ཉམས་བན་བུན་གྱི་སྣང་བ་ཅུང་ཟད་ཤར། །དེ་སྔོན་ཆད་བྱུང་བའི་གླེང་གཞི་ཡིན། །དུས་དིང་སང་གི་གནས་ཚུལ་བཤད་པ་ན། །ཁོང་བདུད་རིགས་ཀྱི་གཙོ་བོ་འདོད་པའི་ལྷ། །ལག་ན་མེ་ཏོག་གི་མདའ་གཞུ་ཐོགས། །དེ་ཆོས་མཛད་རྣམས་ལ་འཕངས་པ་ཡིས། །ལུས་རྨ་མེད་སྙིང་གི་དཀྱིལ་དུ་ཕོག །དུག་ལྔ་གློ་བུར་དུ་ལངས་ཞེས་ཐོས། །དེ་ཁོ་བོའི་སྙིང་ལའང་ཐེབས་སམ་སྙམ། །རང་ཚོད་རང་གིས་མ་ཟིན་པར། །ཁོང་གཞན་ཟེར་གྱི་ངག་ལ་ཉན་ཉན་