R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༡༥
[A:༣༡༥]ནས། །གདོན་ཆོས་བརྒྱད་ཀྱི་འགོང་པོས་སྙིང་ལ་བཏབ། །དོན་དགོས་མེད་ཀྱི་ཚེ་འདིའི་བྱ་བས་བསླུས། །མི་མང་པོའི་ངོ་བསྲུང་གི་ཁོལ་པོར་སླེབ། །ཟས་དཀོར་ཟས་གྱི་དུག་ཆུས་ཤེས་པ་མྱོས། །ཉིན་མོ་རྣམ་གཡེང་དང་ཆོས་བརྒྱད་ཀྱིས་གཡེངས། །མཚན་མོ་གཏི་མུག་གི་མུན་པས་བཅིངས། །སེམས་སྙོམ་ལས་ཀྱི་མལ་ནས་ལོངས་དུས་མེད། །དོན་གནངས་ཆུང་གི་ཁེ་ཉེན་བརྩི་བརྩི་ནས། །དོན་ཆེན་ཡལ་བར་ཤོར་བའི་དྲེད་པོ་ང༌། །མི་ཚེ་དོན་མེད་དུ་ཟད་པ་མ་ཚོར་བར། །དགྲ་འཆི་བདག་གིས་སྦར་ཟིན་བྱས་ཀྱི་དོགས། །སྤྲང་པོ་ངའི་སྙིང་ཁུང་ཆུ་ལས་གྲང༌། །བསམ་བཞིན་སྐྱོ་བ་སྐྱེ་ཡིན་གདའ། །དེ་ད་ལྟར་གྱི་རྣམ་ཐར་ལྷུག་པ་ཡིན། །ད་ཚེ་མཇུག་ལ་ཡིད་སྨོན་འདི་ལྟར་ཡོད། །སྡེ་དགོན་གྱི་ཁ་འཛིན་འདི་ཆམ་གྱིས་བཞག །དཀོར་ཟས་ཀྱི་དུག་ཆུ་རིང་དུ་སྤངས། །དོན་ཚེ་འདིའི་རེ་ལྟོས་ལིངས་ཀྱིས་བསྐྱུར། །ཁོང་མགོ་ནག་མིའི་ཁྱུ་ནས་བུད། །གནས་མི་མེད་ཀྱི་རི་ཁྲོད་དབེན་པ་རུ། །ཟས་ཞེན་མེད་ཀྱི་རྩྭ་དང་ལྡུམ་བུ་བཟའ། །བློ་རྩེ་གཅིག་དམ་པའི་ཆོས་ལ་བསྒྲིལ། །ཕ་མཚན་ལྡན་བླ་མ་སྤྱི་བོར་བསྒོམ། །ལམ་འཁྲུལ་མེད་ཀྱི་རིམ་གཉིས་རྣལ་འབྱོར་ལ། །སེམས་རྩེ་གཅིག་ཏུ་མ་ཡེངས་ལྷུག་པར་འཇོག །ཅིར་སྣང་ཀུན་སྒྱུ་མའི་ལམ་འཁྱེར་གྱིས། །རྐྱེན་གང་ཤར་གྱི་སྣང་བ་ལམ་དུ་འཁྱེར། །ལྟོས་མེད་དུ་རང་དབང་གཅོད་ཅིང་སྡོད། །རྗེ་བླ་མའི་དགོངས་རྫོགས་དེ་ལ་བྱེད། །མ་ཁམས་གསུམ་སེམས་ཅན་གྱི་དྲིན་ལན་འཇལ། །ཁྱེད་དད་ལྡན་མཆེད་གྲོགས་ཀྱི་དཀོར་སྦྱོང་ཡིན། །མཆེད་གྲོགས་རྣམས་དེ་ལྟར་ཐུགས་ལ་ཞོག །སེམས་དེ་ལ་དགྱེས་ན་དེ་ལྟར་མཛོད།