[A:༣༡༦] །སྐྱབས་བསླུ་མེད་ཀྱི་བླ་མ་དཀོན་ཅོག་གསུམ། །ཁྱེད་མཁྱེན་ལྡན་རྣམས་ཀྱི་ཐུགས་རྗེ་ཡིས། །སྤྲང་བར་ཆད་ཀྱི་གཡུལ་ལས་རྣམ་རྒྱལ་ཏེ། །ཡིད་རེ་སྨོན་མྱུར་འགྲུབ་ཀྱི་བཀྲ་ཤིས་ཤོག །ཅེས་པ་འདི། ནུབ་ཅིག་རང་གི་དགེ་སྦྱོར་འཆག་མེད་རྣམས། ཁྲལ་འཇལ་གྱི་རྣམ་པ་ཅིག་ཚར་རྗེས། སེམས་བན་བུན་རྣམ་རྟོག་མང་པོ་ཞིག་བྱུང་བའི་མཐར། རང་གི་གནས་ཚུལ་རྣམས་དྲན་པས། སེམས་སྐྱོ་བ་ལ་བཟོད་གླགས་མེད་པ་ཞིག་བྱུང་སྟེ། ཇི་ལྟར་བྱ་སྙམ་ཤུགས་རིང་འབྱིན་ཅིང་ཡོད་པའི་ཚེ་འཁྲིས་ན་ཡོད་པའི་ཟླ་གྲོགས་དག་གིས། ཁྱོད་ན་བ་ནི་མིན་ནམ་ཟེར། བདག་ན་བ་ནི་མིན། རང་གི་གནས་ཚུལ་བསམས་པས་སེམས་ལ་མི་བདེ་བ་ཞིག་བྱུང་བ་ཡིན་བྱས་པས། རང་གི་གནས་ཚུལ་འདི་ལྟ་བུ་ཞིག་གིས་མ་བདེ་བ་ཡིན་ཟེར་བ་ལ། རང་གི་གནས་ཚུལ་འདི་རྣམས་སེམས་ལ་ཤར་ནས་སྨྲས་པའོ། །གསུང་བ་ཞིག་ཕྱག་བྲིས་ལ་བཀོད་པ་མཛད་འདུག །དེ་ནས་ལོ་ཕྱི་མའི་ནང་དུ་བོད་མཁར་རིན་པོ་ཆེས། རྗཻ་མཁན་ཆེན་འཕན་ཡུལ་དུ་སྤྱན་འདྲེན་བྱུང་བས། སྔར་ནས་འབྲེལ་དག་པ། བར་དུ་མ་མཇལ་བར་ལོ་འགའ་ཟུང་སོང་བས། མཇལ་བ་ལ་དགོངས་རྩོལ་བསྐྱེད། ཕན་ཚུན་ཆོས་དང་ཟང་ཟིང་གི་སྐྱེས་ནོད་ཕྱིར་རིམ་གྱིས་ཕེབས། ཐོག་མར་ལྷ་སའི་མཆོད་འཇལ་དུས། ཇོ་བོ་ཤཱཀྱ་མུ་ནེ་ལ། གོས་ཆེན་གྱི་སྣམ་སྦྱར་བཟང་པོ་གཅིག་དང༌། འཕགས་པ་རང་བྱོན་ལྔ་ལྡན་ལ་བཀྲ་ཤིས་ཀྱི་ལྷ་རྫས་ཡུག་ཏུ་འབྲེལ་བ་སོགས་དང༌། དཀར་མེ། མཆོད་འབྲུ། ཞལ་ཟས་ཕུངས་བསྐྱེད་པའི་མཆོད་འབུལ་དང༌། བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ཆོ་གས་གསལ་འདེབས་ཀྱི་ཐུགས་དམ། རང་གཞན་གྱི་དོན་དུ་སྨོན་ལམ་