R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༡༧
[A:༣༡༧]རྒྱ་ཆེན་པོ་གནང༌། དེ་ནས་ཐོག་མར་ཆོས་སྡིངས་སུ་ཕེབས་པ་ལ་གཞི་ལེན་དང༌། མོལ་མཆིད་རྒྱས་པར་མཛད། དེ་ནས་དགོངས་མོ་སྒྲུབ་སྡེར་སྤྱན་དྲངས། གཞི་བྱེས་དྲིལ་ནས་སྐུ་རིམ་གཏོར་ཆེན་མཛད། རྣམ་སྲས་ཀྱི་དབྱངས་དང༌། ཆོས་སྣ་དུ་མ་ཕར་གནང་དང༌། ཚེ་ཁྲིད་གྲུབ་རྒྱལ་མ་ཞི་བྱེད་སྐོར། ལུས་སྦྱོང་འཁྲུལ་འཁོར་དུ་མ་ཚུར་བཞེས་གསན་དཔྱོད་སྩལ། དུར་ཁྲོད་ཀླུ་མོ་རྒྱལ་དུ། གནས་མཇལ་ལ་ཐེགས་དུས་གཅོད་དམིགས་གཏད་པས། འཕྲལ་དུ་ཚར་ལྷོངས་འགྲིག་པའི་ལྟས་ཤིག་བྱུང༌། དགོན་ཕན་ཚུན་གཉིས་ཀར་དབང་བཀའ་ཆོས་འབྲེལ་དང༌། མང་འགྱེད་སོགས་ཟང་ཟིང་གི་བཀའ་དྲིན་མཛད། སླར་ཡང་ཡོལ་སྙུག་ལ་སོགས་སུ་ཕེབས་གདོང་བླ་མ་གཉིས་བཀའ་བགྲོས་ཏེ། བོད་མཁར་རིན་པོ་ཆེ་ཡང་སྒོ་ཡབ་ཀྱི་གདན་ས་རྣམས་ཕོག དཔལ་ལྡན་རྩེར་ཁའུ་སྐྱེད་ལྷས་པའི་སྒྲུབ་སྡེ་འཛུགས་པ་དང༌། རྗེ་མཁན་ཆེན་རིན་པོ་ཆེ་ཡང་དགོན་དུ་སྔར་གྱི་གྲྭ་ཚང་དེའི་རྒྱུན་ཡོད་པའི་སྟེང་དུ་བསྣོན་མ་བཏབ་སྟེ་ལེགས་པར་འཛུགས་པའི་ཐུགས་འདུན་རྩེ་གཅིག་ཏུ་གཏད། ཚོགས་དང་ཡོལ་གྱི་ཁུར་བཞེས་འཇོག་པའི་དགོངས་པ་གཏད་ནས་ཕྱིར་ཕེབས། སྙུག་ལར་བཞུགས་ཞག་ཁ་ཤས་ཀྱི་བར་ཐུགས་རྩེ་གཏད་པའི་བཀའ་བགྲོས་ཐུང་ཙམ་གནང་རིང་ནུབ་རེ་བཞིན་འཚུབ་ཆེ་བ་རང་བྱུང་བས། ལོ་ཕྱི་མའི་ནང་དུ་ཞལ་ངོ་འདས་གྲོངས་དང༌། ཕྱི་ནང་ཐམས་ཅད་བུན་ནེ་བ་བྱུང༌། དཔོན་སློབ་ནས་ཡོལ་གྱི་སྟོན་བཞེས་དང༌། སྒྲུབ་མཆོད་ཆེན་མོ་གནང་སྟེ། བླ་བྲང་སྤྱི་པ་རགས་བསྡུས་ལ་རྩིས་སྤྲོད་མཛད། ལོ་གསར་གྲོལ་འཕྲལ་སྣེའུ་སྡོང་རྩེ་ལ་ཐེགས།