R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༡༨
[A:༣༡༨] རྩེར་སྐུ་རིམ་དང་ཆོས་བཀའ་མང་པོ་སོང་རྗེས། དཔོན་སློབ་དང་ཚོགས་པ་སྤྱི་སོར་མཁན་པོ་བསྐོ་བཞག་གི་བཀའ་བགྲོས་ཞིབ་གསེད་དམ་བསྒྲགས་གནང་དུས། དཔོན་སློབ་ནས་ཞུ་བར། རེ་ཞིག་མཁན་ཐོག་ཏུ་བཞུགས་པ་མ་གནང་ན་མི་ཐུས་པའི་རྒྱུ་མཚན་དུ་མ་དང་བཅས་བཤོལ་བཏབ་ཀྱང་མ་སྨིན་པར་བཀའ་དགོངས་དང་སྦྱར་བའི་ལྷ་ཁང་ནས་ཆོས་རྗེ་བྱམས་བཟང་པ་ལ་འགྱངས་མེད་དུ་བཀོད་པ་མཛད། རྗེ་མཁན་ཆེན་ཀུན་སྤངས་སུ་བཞུགས་ཕྱིན་ཡར་ཀླུངས་སྐོར་གྱི་བཞུགས་ཡུལ་དགོངས་པ་གང་གཏད་དུ་ཞབས་ཏོག་ཕུལ་ཆོག་པའི་ཞུ་བ་གནང་ཀྱང༌། རེ་ཞིག་དེ་མཐུན་གྱི་ཞལ་བཞེས་མ་བྱུང༌། རི་གོང་ཡང་དགོན་ཁོ་ནར་དགོངས་པ་གཏད་པའི་ཆིབས་ཁ་སྒྱུར་གདོང་རྗེ་མཁན་ཆེན་ལོ་ཕུ་ཐེག་གླིང་དུ་དོལ་མངོན་ནས་ཞལ་ངོ་ལྕམ་སྲིང་གིས་སྤྱན་དྲངས་ཏེ་བཞུགས་ཞག་ཁ་ཤས་གནང་བ་དང་དུས་མཚུངས། བྱ་བྲལ་བདག་ཀྱང་དེར་སླེབས་ཡོད་པས་གསོལ་བ་བཏབ་སྟེ། གཏོར་མ་བརྒྱ་རྩ་དང་ཆོས་སྤྱོད་རབ་གསལ་སྡོམ་གསུམ་རབ་དབྱེའི་གཞུང་གི་ལུང་ཞིག་ཞུས། སྡེ་པ་ཞལ་ངོས་ཐེག་ཆེན་གླིང་དུ་རྒྱུན་བཞུགས་གནང་དགོས་པའི་ཞུ་བ་འབུལ་གྱིན་འདུག་རུང༌། ཞལ་བཞེས་ཇི་ལྟར་བར་མ་གནང༌། བདག་གིས་དེ་དུས་ཆིབས་ཁ་སྒྱུར་བའི་ཕེབས་སྐྱེལ་ལ་དོལ་མངོན་དུ་ཡོངས། རང་གི་འདོད་ཞུས་དཔོན་སློབ་ཞབས་ཕྱིར་བསྙེགས་པའི། ལམ་འབྲས། མགོན་པོ། ནི་གུ། མཁའ་སྤྱོད་མ་སོགས་དབང་ཁྲིད་ཕྱག་ལེན་མང་པོའི་སློབ་གཉེར་ལ་ཡོངས་ཆོག་པ་དགོས་པའི་སྙན་འདེབས་ཞུས་པས། བསླབ་སྟོན་དུ་ཁྱེད་ཀྱི་འདོད་ཆོས་རྣམས་དུས་གཅིག་ཏུ་རྫོགས་པ་མ་བྱུང་ན་ཡང༌།