[A:༣༡༩] རིམ་གྱིས་ཡོང་བ་རང་བྱེད་པས། གང་བབས་སུ་ཉེ་ལེན་དང༌། ངེད་ཀྱང་རེ་ཞིག་ཡང་དགོན་དུ་ལོ་གསུམ་གྱི་བཅད་རྒྱ་དམ་པ་རང་གི་རྩིས་ཡིན་པས། གསེང་ཞིག་ལ་ཆོས་བཀའ་གང་ཡོང་བྱེད་པ་ཡིན་རུང༌། དེ་བར་ལ་གཞན་དུ་ཆོས་ཐོབ་དང་སློབ་གཉེར་གྱིས་གསུང་བ་ཕེབས། སླར་སྣེའུ་གདོང་དུ་ཐུང་ཙམ་བཞུགས། དེ་ནས་ཆིབས་དྲེལ་གྱི་ཕེབས་སྐྱེལ་དང་བཅས་ཡོལ་ཕུར་ཕེབས། ཡང་དགོན་གཟིམས་སྤྱིལ་དུ་ཕྱགས་ཕབ། ཕེབས་སྐྱེལ་བ་རྣམས་ལ་སྣ་ལེན་དང་རྫོང་བ་གྲུབ་ནས། ཡོལ་བླ་བྲང་ནས་རིན་པོ་ཆེ་དབོན་པོ་བས་སྣ་ལེན་སྐུ་ཆས་ཙམ་ཡང་དགོན་རང་དུ་འབུལ་བ་གནང༌། རྗེས་སོར་ཡང་རིམ་ཅན་དུ་འབུལ་བ་གནང་རྩིས་ཡང་དགོན་ནས་བཀའ་ལུང་དུ་དགོན་རྙིང་གི་མཆོད་གཞིས་ཐོག་ནས་འདིར་ཆས་བླངས་ཀྱང་མི་མཛེས་ཤིང༌། དཀོར་ཆེ་བས་མི་ལེན་གསུང་བ་ཕེབས། སྐུ་ཆས་འཕྲལ་འཚོལ་མཛད་དེ། དབེན་གནས་དེར་སྐུ་མཚམས་ལ་བཞུགས། སྟོན་ཀ་ཞིག་ཆབ་ཞུགས་ལ་ཕེབས་ཐོག་ནས་སྙུག་ལ་རྫོང་དུ་སྡེ་པ་དཔའ་བཟང་དྲུང་གིས་གདན་དྲངས། ཆོས་བཀའ་དང་སྐུ་རིམ་མང་པོ་ཞུས། ཟླ་བ་བཞི་ཙམ་བཞུགས་པ་གནང་ཐོག །མཆོད་ཡོན་བཀའ་བགྲོས་མཛད། ཡང་དགོན་དུ་སྒྲུབ་སྡེ་འཛུགས་པའི་ཆ་རྐྱེན་དུ་སྙུག་ལ་ནས་སྡེ་པ་ཀརྨ་ཚེ་འཕེལ་གྱིས་ཡོལ་ཕུ་ནས་མཆོད་གཞིས་དང༌། ཀ་དྲུག་ཤོད་ནས་སྡེ་པ་དཔལ་བཟང་དྲུང་གིས་མཆོད་གཞིས་ཐུང་ཙམ་དང༌། ཡང་དགོན་དུ་བཞུགས་ཡུན་ཇི་སྲིད་དུ། མཁན་ཆེན་རྡོ་རྗེ་འཆང་དུ་ཟླ་རེ་ལ་ཞོ་གསུམ་མའི་གསོལ་ཕོགས། ཕྱག་གཡོག་གཅིག་ལ་ཞོ་རེ་མའི་ཕོགས་ཀྱི་རྒྱུན་མི་ཆད་པའི་བཀུར་སྟི་ཞུས།