[A:༣༢༠] དེ་དུས་ཀྱང་བྲང་མོ་ཆེ་ནས་སྤྱི་པ་བགྲེས་གསུམ་དང༌། རྗེ་ཚར་པའི་དྲུང་ཆེན་བཟང་པོ་པ་དང༌། འདར་རྫོང་ནས་སྡེ་པ་སྐུ་མཆེད་ཀྱིས་ཞུ་ཤོག་དང་བཅས་སྤྱི་པ་བགྲེས་གསུམ་རྣམས་ཡང་དགོན་དུ་ཆེད་གཏད་འབྱོར། གྲང་མོ་ཆེའི་གདན་སར་ཕེབས་དགོས་པའི་ནན་ཞུས་བྱུང་དུས། རང་གཞན་གྱི་དོན་ཕྱོགས་བྲལ་དུ་སྐྱོང་བ་ལས། མཐུན་འཇུག་དང་མ་སྦྱར་བའི་དགོངས་པས་རེ་ཞིག་ཞལ་བཞེས་མ་གནང་བར་ཡང་དགོན་དུ་སྐུ་མཚམས་ལོ་གྲངས་མའི་དམ་བཅའ་ལ་གཏད་པའི་ཞུ་ལན་གནང༌། མི་སྣ་རྫོང་བདར་མཛད། དེ་ནས་དཀར་གངས་བཟང་པོ་ཞིག་གིས་གཙོས་པའི་ཡོ་བྱད་དུ་མ་དང་བཅས། རྗེ་ཚར་ཆེན་གྱི་གསེར་འབུམ་སྐུ་མདུན་དུ་དཀར་མེའི་ཐེབས་དང༌། མཆོད་ཡོན་ལ་རྟེན་བཟང་པོ་དང་བཅས་པའི་ཞུ་ཤོག་འབུལ་བར། དཀའ་བཅུ་པ་བྱམས་མགོན་དང༌། གསལ་ཇ་བ་ཡེ་ཤེས་རྒྱ་མཚོ་རྣམས་རྫོང་བ་གནང༌། ཡང་དགོན་དུ་ཡོལ་ནང་གི་གྲ་པ་གསར་ཞུགས་དྲག་ཞན་ཁ་ཤས་དང༌། གྲ་ཚང་ཡས་ཕྱིན་ནས་ཆོས་ཞུ་བ་དང་བཅས་པའི་ཉུང་ཧྲགས་ཤིག་ལ་ཆོས་ཀྱང་འོས་བབས་སུ་བསྩལ། དེར་ཡང་བཅོ་ལྔ་མཆོད་པ། དུས་གཏོར། གཏོར་བཟློག་རྣམས་འཆག་མེད། ཉིན་རེ་བཞིན་ཆོས་སྤྱོད་སྒྲིགས་མ། སོ་སོའི་ཐུན་སྒོམ་རྣམས་འཆག་མེད་ཀྱི་གྲ་ཡོད་ཙམ་བྱུང༌། དཔོན་སློབ་སྙུག་ལར་བཀའ་དབང་བརྒྱ་ཚར་ལ་སྤྱན་དྲངས་ནས་ཕེབས་བཞུགས་མུས་ནས། རྣམ་སྲས་ཀྱི་གཏོར་སྒྲུབ་གནང༌། ཟླ་བ་ཁ་ཤས་བཞུགས་ཐོག །ཁོ་བོས་ཀྱང་སྔར་གྱི་ཞལ་བཞེས་ཡོད་པ་ལྟར་མཁན་ཆེན་རྡོ་རྗེ་འཆང་གི་ཞབས་ཕྱིར་བསྙེགས་ཡོངས་པ་དང༌། སྐུ་མཚམས་