[A:༣༢༢]ཞུས། ཟླ་བ་དྲུག་ཙམ་བསྡད་དུས་རྩེ་ཞབས་དྲུང་ནས་རྫོང་བདའ་གནང་བའི་མི་སྣ་དཔོན་གཡོག་གཉིས་བྱུང་བ་འབྱོར། སྣེའུ་སྡོང་དུ་སྤྱན་འདྲེན་ནན་ཞུས་བྱུང་རུང་ལོ་ཕྱི་མ་ལ་ཕེབས་པའི་ཞལ་བཞེས་ཙམ་ནས། གདན་འདྲེན་པ་འཕྲལ་དུ་ཕྱིར་སློག །སླར་སྐུ་མཚམས་ཟླ་བ་དྲུག་སོང་དུས་རྩེ་ནས་སྤྱན་འདྲེན་བྱུང་དུས་ཕེབས་ནས། བཞུགས་ཡུན་ཟླ་བ་གསུམ་གྱི་བར་བཀའ་ཆོས་སྐུ་རིམ་བཟབས་རྒྱས་མང་པོ་གནང་ནས་ཕྱིར་ཕེབས་ལམ། འགྲས་པའི་གྲུ་བཏོན་བསམ་ཡས་ཀྱི་མཆོད་མཇལ་ཞིབ་པ་དང༌། མཁན་ཆེན་ཞི་བ་འཚོའི་དབུ་ཐོད་ལ་ན་བཟའ་མཆོད་འབུལ་བཟབས་ཏེ། རབ་ཏུ་བྱུང་བའི་བསྟན་པ་མི་ཉམས་ཤིང་འཕེལ་བའི་སྨོན་ལམ་དང༌། མདོ་སྡེ་མཆོད་པའི་གཟིགས་མོ་དང་སྤེལ་དཀར་ལྕོག་ཏུ་ལས་མཁན་ཆེན་པོ་ལ་སྙན་དར། གསེར་ཕུད་དང༌། བསྟན་པ་བསྲུང་བར་བཀའ་བསྒོ་གསོལ་བཏབ་མཛད། འཕྲང་འགོ་དགེ་བཤེས་གཏེར་སྟོན་པ་དང་མཇལ། ཞག་བརྒྱད་སྐོར་བཞུགས་རིང་བསམ་ཡས་སྤེལ་བཞི་དང༌། ཕོ་བྲང་འོག་ནས་ཞལ་ངོས་ཞབས་ཏོག་རྒྱས་པར་མཛད། སླར་རིམ་གྱིས་ལས་ཕྱོགས་སུ་ཕེབས། སྙུག་ལ་རྟ་ལམ་གཞིས་ཀར་སྡེ་པས་སྤྱན་དྲངས། བཞུགས་ཞག་གཅིག་གནང༌། དེ་དུས་བྱ་བཏང་རིན་ཅེན་གླིང་ན་སྐུ་ཚབ་ལ་སླེབས་གྲུབ་འཕྲལ་ཡིན་ཅིང༌། རིན་པོ་ཆེ་དཔོན་པོ་བ་ཡང་བཞུགས་ཡོད་པ་དང་ཐུན་མོང་གི་གདན་འདྲེན་ཙམ་ཞུས་བཞུགས་ཞག་གཅིག་གནང་ནས་ཡང་དགོན་དུ་ཕེབས་ཏེ། འཕྲལ་དུ་སྐུ་མཚམས་ལ་བཞུགས་ཐོག་ནས། ལུག་ལོའི་དུས་མཆོད་ཐོག །རྗེ་མཁན་ཆེན་སྐུ་མཆེད་ཞལ་མཐུན་གྱི་རིན་ཅེན་གླིང་ཚོགས་དབུ་ལ་ངེད་བསྐོ་བཞག་དང༌། དགོན་རྩེ་ཞོལ་ཕྱི་ནང་