R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༢༥
[A:༣༢༥]ཐུན་མོང་མ་ཡིན་པའི་གཏོར་སྒྲུབ་ཀྱི་རྒྱུན་འཁྱེར། ཐུན་གཅིག་ལ་བསྙེན་བསྒྲུབ་ལས་གསུམ་ཚང་བའི་ཞལ་གདམས་ངོ་སྤྲོད་དུ་མ་དང༌། རིམ་གྲོ་གལ་ཆེ་བ་དགོས་བྱུང་ན་རྒྱས་འབྲིང་བསྡུས་པའི་ལོང་སྐབས་དང་སྦྱར་བའི་འདི་ལྟར་གྱིས་ཤིག་པའི་བསླབ་སྟོན་མང་པོ་ཕེབས་པ་རྣམས་ཇི་ལྟར་ནུས་པ་ལག་ཏུ་བླངས་པས་ངེས་པ་རྙེད་དོ། །དེ་དུས་རྩེ་དཔོན་བློན་ནས་སྲིད་ཕྱོགས་སྒྱུར། སྡེ་གཟར་གྱི་བཀའ་བགྲོས་ཡོད་འདུག་པས་ཕྱིར་མ་མངོན་པའི་ངོས། སྐུ་རིམ་དང་ཆོས་བཀའ་སོགས་ལ་གདན་འདྲེན་མི་སྣ་སྐྱ་སེར་དྲག་པ་གཉིས་བཏང་བྱུང་བས། སྙུག་ལར་སྐོར་ཡང་གནང༌། ད་ནས་ཡོལ་ཕུའི་རི་ཁྲོད་རང་དུ་ཕྱོགས་ཀྱི་འགྲོ་འདུག་སྤངས་ཏེ་སྡོད་བསམས་རུང༌། ད་རེས་ཀྱང་རྩེ་ནས་ཡོང་དགོས་ཚུལ་འདི་བཞིན་ལ་ཇི་ལྟར་འཐད་ཕེབས་པས། སྙུག་ལ་ནས་ཞུ་བར། ཕྱིར་ཕེབས་འགྱངས་མེད་ཡོད་པ་དགོས་ཤིང༌། ད་ལམ་སྡེ་སྲིད་ཡུལ་གཉན་པས་དགོངས་པ་དང་བསྟུན་པའི་གནང་ཁྱབ་རང་ལེགས་ཞུས་འདུག །ངེད་རང་གིས་ཀྱང་དེ་མཐུན་དུ་ཞུས། དཔོན་སློབ་རང་ཡར་ཀླུངས་སུ་ཕེབས་པ་དེ་ལ། རེས་ཐུགས་བསུན་ཉམས། སྐབས་རེ་སྤྲོ་བ་ཁྱད་པར་ཡོད་པའི་མདངས་ཤིག་ཀྱང་འདུག །དེ་ནས་སྙུག་ལ་བཟད་བསམ་མཁར། ཕུ་ཡེ་གྲ་ཚང་རྣམས་སུ་རིམ་པར་ཕེབས། ཆོས་བཀའ་དང༌། འཕྲལ་ཡུན་གྱི་བཀའ་བགྲོས་ཞིབ་པར་གནང་སྟེ། ཡང་དགོན་ནས་དཔོན་སློབ་ཚང་མ་སྣེའུ་སྡོང་རྩེར་ཕེབས་བཞུགས་ཀྱི་ཐོག་མར་སྐུ་རིམ་དབང་བཀའ་དོས་དྲག་ཅིང༌། བུངས་བསྐྱེད་པ་གནང༌། དེ་ནས་སྐུ་མཚམས་དང་བཅས་པའི་བསྲུང་བཟློག་གི་ཐུགས་