[A:༣༢༦]དམ་ཡུན་རིང་བར་གནང་བས། རྩེར་སྔ་སོར་ནས་བཀའ་བགྲོས་ཡོད་འདུག་པས་སྡེ་གཟར་མངོན་གྱུར་དུ་ལྷོངས་ཏེ། ཤུན་ཞབས་དྲུང༌། རྒྱ་རི་འཕྱོང་རྒྱས་སྐྱིད་ཤོད་པ་རྣམས་རྩེ་ཞབས་ཕྱིར་འབྱོར། གོང་དཀར། ཡར་སྐུར། སྙུག་ལ། དོལ་མངོན་སོགས་ཀྱིས་རྩེ་བ་དང་འཐབས་པས། རྒྱ་རི་བའི་སྒར་ལ་ཤོར་གོད་མི་གྲོན་ཡོད་ཙམ་ལས། ཕྱི་ནང་ཐམས་ཅད་ལ་ཐོབ་ཤོར་ཉེས་སྐྱོན་མེད་ཅིང༌། དབུས་དམག་ཐམས་ཅད་ཡར་ཀླུངས་སུ་ལྷགས་ཆེ་ཡང༌། རྩེ་སྡེ་སྲིད་ལ་ཆ་ཞབས་གོད་ཡར་མེད་ཅིང༌། དམག་གྲོལ་འཕྲལ། སྲིད་ཕྱོགས་སྔར་མལ་དུ་ཚུད་ཅིང༌། བརྟན་བརླིང་ཆེ་བ་བྱུང་བས། བླ་མའི་བྱིན་རླབས་སུ་གོ་ནས། གུས་འདུད་ཆེར་བཏང༌། དཔོན་བློན་ནས་ཞུ་བ་ལ། སྤྱིར་ཡང་བསྟན་པ་དང་སེམས་ཅན་གྱི་དོན། ཁྱད་པར་དཔོན་བློན་གྱི་སྐུ་རིམ་བསྲུང་འཁོར་ལ་བཞུགས་པ། རབ་ཏུ་རྩེ་ཕོ་བྲང་དུ་བཅར་བཞུགས་དང་དེ་ལྟར་དགོངས་པར་མ་གཏད་ཀྱང༌། རྩེ་ཆ་ཞབས་ཀྱི་དགོན་པ། ཆབ་བཟང་ཞིང་འགོལ་བ་དགོངས་བཞེད་དང་སྦྱར་བ་ཞིག་ཏུ་བཞུགས་ཡུལ་རེ་ཞིག་གནང༌། དེ་བར་ཐུགས་དམ་ཕྱག་བཞེས་ཁྱད་པར་ཅན་རྣམས་ཀྱི་རྒྱུན་མི་ཉམས་པའི་ཕྱིར། འདི་དག་ལ་རྩལ་འདོན་གྱི་གྲ་པ་བརྒྱ་ཕྲག་མང་པོ་འཛུགས་པ་དང༌། བཞུགས་གནས་ས་དམིགས་ལེགས་པར་བཙུག་ལག་ཁང་བསྟན་པའི་མིག་རྐྱེན་དུ་འགྱུར་བ་བཞེང་དགོས་པ་འདུག་པས། བླ་མ་དམ་པ་བརྒྱུད་པ་དང་བཅས་པའི་འཕྲིན་ལས་ཀྱི་རྒྱུན་ལ་དགོངས་གྲ་ཚང་གསར་འཛུགས་འདི་མཐར་མ་ཕྱིན་བར་གྲ་སྦྱིན་གྱི་མགོན་དུ་བཞུགས་པ་གནང་དགོས། དེ་མིན་ན་སྔོན་གྱི་མཁས་གྲུབ་ཁ་ཅིག་ལ་ཡང་ཆོས་རྒྱུན་གྱི་བསྟན་པ་ཆེར་མེད་པ་བྱུང་འདུག་