R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༢༧
[A:༣༢༧]པས། འགྲོ་དོན་དང་བསྟན་པའི་རྒྱུན་ལ་དགོངས་པ་ཞིག་དགོས་ཞེས་ཡང་ཡང་གསོལ་བའི་ལན་དུ། རྗེ་མཁན་ཆེན་དྲུང་གི་བཀའ་ཕེབས་ལ། སྤྱིར་གྱི་དེ་ལྟར་ཡིན་ན་ཡང༌། ངེད་ན་སོ་སོང་བ་དང་མིག་ཀྱང་མི་གསལ་བས། དེ་ལྟ་བུ་འཁྱོངས་པ་དཀའ། ཡར་ཀླུངས་ཕྱོགས་དགེ་འདུན་གྱི་སྡེ་མང་རུང་གསང་སྔགས་ཀྱི་ཕྱག་ལེན་ཚུལ་དང་མཐུན་པ་སྔར་བྱུང་བ་རྣམས་ནུབ། ད་ལྟ་གསར་དུ་འཕེལ་ན་ལེགས་པ་འདུག་སྟེ་ཇི་ལྟར་ཡོང་ངམ་ངེད་ཀྱིས་ཕོ་བྲང་དུ་རྒྱུན་པར་བསྡད་ཀྱང༌། ངེད་སོ་མ་སོད་པ་ལས་གཞན་དགོས་པ་མེད། ཆ་ཞབས་ཀྱི་དགོན་པ་ཡང་རྣམ་གཡེང་ཅན་ཤ་སྟག་ཡིན་པས། བློ་དང་མི་མཐུན་པས་མི་ཞུ་གསུང་བ་ལ། ནན་གྱིས་གསོལ་འདེབས་རིམ་ཅན་གནང་སྟེ། སྤྱན་ལ་ཡང་འཕྲོད་བསྟེན་གནང་བ་དང༌། གཡའ་ནང་རི་ཁྲོད་འདི། མཁས་གྲུབ་ཆོས་བཟང་ཉི་མའི་དབེན་གནས་ཡིན་ཅིང་ལེགས་པར་ཡོད། བསམ་སྡིངས་འདི་རྡོ་རིངས་ཀུན་སྤངས་ཆེན་པོས་ཆོས་རྗེ་འདུས་པ་བ་ལ་ཆོས་ཁ་ཤས་གསན་པའི་བླ་མའི་གནས་ཡིན་ཅིང༌། དེའི་ཉེ་འཁྲིས་ན་སྨན་ཆབ་ཀྱང་བཟང་པོ་རང་ཡོད་པས་འདི་རྣམས་ཀྱི་ད་ལྟ་ཁྲལ་རིས་བསྐུལ་འདེད་ཡོང་བ་རྣམས་ཀྱང་འཆག་པ་བྱས། མཆོད་གཞིས་གང་ཡོད་དང་སྦྲགས། དཔོན་བློན་སོ་སོ་ནས་ཕྱག་ཏུ་འབུལ་ཞུ་བ་བྱུང་ཀྱང་རེ་ཞིག་མ་བཞེས་པས། དགོན་པ་གཉིས་པོའི་གྲ་རྒན་རྣམས་ཀྱིས་ཐོས་ནས་སོ་སོར་གྲོས་བྱས་རྗེ་མཁན་ཆེན་རིན་པོ་ཆེའི་དྲུང་དུ་ཞུས། ངེད་དགོན་ཡས་མས་ཀྱི་གྲ་པ་གཞོན་པ་རྣམས་རབ་བྱུང་བསྒྲུབས་གྲ་ཚང་དུ་སྡོད། རྒན་པ་མི་འཁྲོལ་མེད་པ་རྣམས་ཀྱིས་ཀྱང་ལུགས་དང་མཐུན་པའི་གྲ་པ་རེ་བཙལ་ནས་རྫོང་བ། མདོར་ན་བཀའ་དང་མི་འགལ་བ་ཞུ་