R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༢༨
[A:༣༢༨]བས་ཞལ་བདག་ཐུགས་རྗེས་འཛིན་པ་གནང་དགོས་ཞུས་པས། རྗེས་སོར་ཁོང་རྣམས་ལ་ཐུགས་བརྩེར་དགོངས་པའི་ཞལ་འཛིན་གནང༌། བསམ་སྡིངས་སུ་རྩེ་ཞབས་དྲུང་ནས་དགའ་སྟོན་དང་བཅས་ཏེ་སྤྱན་དྲངས། གཡའ་ནང་དུ་སྡེ་པ་རིན་པོ་ཆེ་དངོས་གྲུབ་རྡོ་རྗེས་དགའ་སྟོན་ཆེན་པོ། སྒར་ཆེན་གྱི་བསྐོ་འཇའ་དང་བཅས་ཏེ་གདན་དྲངས། དགོན་ཡས་མས་ཀྱི་འུ་ལག་ཁྲལ་རིགས་འཁྲི་འབབ་རྣམས་བཅག །མཆོད་གཞིས་གང་ཡོད་དང་བཅས་པ་ཕུལ། དགོན་པ་གཉིས་ཀྱི་གྲ་རྒྱུན་གསར་འཛུགས་རྣམས་ཀྱང་འཛོམས་པ་དང་དཔོན་བློན་བཀའ་བགྲོས་ཐོག་ནས། སྡེ་པ་རིན་པོ་ཆེས་ཕྱག་ལེན་མཛད་དེ། གསེར་འཕྱོས་གཉིས་ཀྱི་ཆ་ཞབས་ནས་ཐོ་བཙུན་དང་བཅས། སུམ་ཅུ་ལྷག་ཙམ་ལ་གཟའ་སྐར་བཟང་པོ་དང་བསྟུན་བསྒྲུབ་བྱ་སོ་སོར་སྐྱབས་འགྲོའི་དགེ་བསྙེན་གྱི་སྡོམ་པ་ཕོག །ཀློག་དང་དཔེ་ཆ་འཕྲལ་འདོན་གྱི་ཁ་ཏོན་མང་པོའི་སློབ་དཔོན་དུ་དགེ་སློང་གཉུག་མར་གནས་པ་ཤཱཀྱ་མཆོག་ལྡན་བསྐོས། ཁོང་ཐུགས་བསྐྱེད་བཟང་བས་བསླབ་སྦྱང་གི་དུས་ནན་ཏན་ཆེ་ཞིང་འཇུར་དམ་པ། སྣ་མི་བསུན་པའི་གུང་གསེང་སྐབས་སུ་བབ་ཅིང་ཡུན་རིང་ཐུང་མཚམ་པ། འཕྲལ་གྱི་རོགས་མགོ་འདོན་ཕྲ་མོ་རྣམས་ཀྱང་ཐུགས་རྩོལ་ཆེ་ཞིང་མོད་སྙོམས་པ། སློབ་དཔོན་རང་ཚོགས་ལ་བཞུགས་རྟག་ཅིང་ལྗགས་སྤོད་རྐང་ཚུགས་པས། འཛིན་ཆ་རྣམས་བློ་ལ་འཇགས་ཤིང་ལོབས་ཆེ་བས་ལོ་གཉིས་ཙམ་ནས་ཆོས་སྤྱོད་འཛོམ་ཞིང་ཀློག་བྱང་བར་བྱུང༌། དེ་དུས་གྲ་ཚང་གསར་པ་དང་བཅས་པའི་དཔོན་སློབ་ཐམས་ཅད་དཔལ་འབར་བསམ་སྡིངས་ན་བཞུགས་པ་གནང༌། ཆོས་སྡེའི་ཨར་ཆེན་མ་གྲུབ་རིང་བཞུགས་ཡུལ་ཉེ་འགྱང་འཚམ་ཞིང་ཁུལ་