R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༣༠
[A:༣༣༠]ཉེ་གནས་ཀུན་བཟང་རྒྱ་མཚོ་མངགས་ཏེ་ཞུ་ཤོག་ཞུ་ངག་དང་བཅས་པར། ཡར་ཀླུངས་བཀྲ་ཤིས་རྩེར་བཞུགས་ཡུལ་ཤར་ཐོག་མི་འགབ་པ་མ་བྱུང་ན་དེ་མཐུན་ཞིག་དང༌། དེ་མིན་ཡན་ཆོད་དུ་ཕེབས་བཞུགས་ཀྱང་ཇི་ལྟར་འཆར་གྱི་འཐངས་ལེན་ངོས། སྔ་དུས་ནས་གསོལ་བཏབ་ཞུས་ཤིང་ཞལ་བཞེས་ཀྱང་རིམ་ཅན་དུ་བྱུང་བའི་བཀའ་ཆོས་མང་པོ་ཞིག་གི་ཞབས་བསྐུལ། ཁྱད་པར་མགོན་པོ་ཆེ་ཆུང་གི་ཆོས་སྐོར་ལ་ཆེད་ཀྱི་གཏད་པའི་ནན་ཞུས་ཕུལ་བས། ཞལ་བཞེས་འགྲུབ་སྟེ། བཀའ་ཕེབས་ལ། དེ་རིང་སང་རྫོང་དུ་སྐུ་རིམ་གཏོར་བཟློག་ཅིག་འཛུགས་རྒྱུ་ཡིན་པས་རོགས་ཞིག་ཀྱང་དགོས་འདུག་པ་དང༌། ཁྱེད་རང་དཔོན་སློབ་གྱི་མགོན་དབྱངས་གཅོད་འཕྲོར་ཡོད་པ་ཡང་གང་འགྲོ་བྱེད་དགོས་འདུག་པས་མགྱོགས་པ་ཞིག་ཕེབས་མཛོད་གསུང་བ་བྱུང༌། དེ་མཐུན་གྱི་རྩོལ་བ་བསྐྱེད་ཅིང་མྱུར་ཕྱིན་པས་ཡར་ཀླུངས་བཀྲ་ཤིས་རྩེར་ཟླ་བ་དང་པོའི་སྒང་སྨད་ལ་སླེབས། ཐོག་མར་ཀླུ་ཁང་གོང་གི་གཟིམས་ཆུང་སྒོ་མངས་དེར་མཇལ་དུས། རྟེན་འབྱུང་གི་འབུལ་ཆ་མཚོན་བྱེད་གཞན་དང་ན་བཟའ་སྐོར། འབྲི་འགའ་ཟུང་དང་བཅས་པའི་ཕྱག་རྟེན་ཕུལ་ཏེ་རེ་ཞིག་གཞི་ཕབ། ཟླ་བ་དེའི་ཉེར་གསུམ་ནས་རྫོང་རྩེར་སྐུ་རིམ་ཚུགས་པའི་རང་རེའི་བགྱི་འོས་ཀྱི་ཕྱག་ལེན་ཕྲན་བུའི་སྐབས་རྣམས་བྱས། ཆོ་ག་མཐའ་དག་རྗེ་བླ་མ་རང་ནས་ལྗགས་བསྐུལ་གནང་བའི་རྒྱས་ཆོད་པ་ཞིག་འདུག་པས། གསུང་ཆོག་གི་འགྲིག་གང་ལོན་ནས་ལྟ་རྟོག་བཅུག །ཐུགས་དམ་གཏོར་ཆེན་བསྒྲུབ་ཞག་བདུན་གནང༌། ཉེར་དགུ་ལ་བསྒུལ་བ་མཛད་ལྟས་ལེགས་པ་རང་བྱུང་འདུག །དེ་ནུབ་ཚོགས་འཁོར་བཞུགས་གྲལ་