[A:༣༣༡]ལ་སྡེ་པ་རིན་པོ་ཆེ་ནས་ཐུགས་ཡིད་ཚིམ་པའི་བཀའ་ལུང་བརྗོད་ལེགས་པ་མང་པོའི་མཐར། དགྱེས་སྤྲོའི་མགུར་གླུ་དགོས་གསུང་བ། སྒྲ་རིག་སྨྲ་བ་བྱ་བ་ཤེས་རབ་དཔལ་བཟང་པས་རས་དབྱངས་མཛད། སང་རྩེའི་དཀར་ཕིབས་ཁང་བཟང་དེར་བཞུགས་གྲལ་གཞིས་ལེན་དགའ་སྟོན་འབུལ་ནོད་བཟང་པོ་གནང༌། ཚོགས་ཆེན་ནས་དབུ་མཛད་དཀའ་བཅུ་པ་སོགས་ཁ་ཤས་ཕྱིར་ཐེགས། བདག་ཅག་གཞིས་མིན་བྱེས་མིན་གྱི་གྲ་པ་ཉུང་ཧྲགས་ཞིག་ལ། མགོན་དབྱངས་སྣ་ཁ་དྲུག་ཅུ་ཙམ་འདུག་པ་ཆོད་ཞིག་པའི་བསླབ་སྟོན་སྔོན་རྗེ་ཚར་ཆེན་དྲུང་དུ་དཔོན་སློབ་རང་ཐེགས་དུས་ཀྱི་ལོ་རྒྱུས་དང༌། དབྱངས་འདི་གཟུགས་མེད་ལ་གཟུགས་འཆོས་པའི་དཀའ་ཚེགས་ཕྲན་བུ་ཡོང༌། སྒྲ་གཟུགས་ཡིད་ལ་མ་ཤར་བར་མ་ཡེངས་པ་གྱིས་གསུངས། ཉིན་རེ་བཞིན་སྐུ་བསྟོད་ཧྲུག་ཙམ་རེ་མཛད། དབྱངས་རྣམས་ནན་ཆགས་སུ་སྤོད་པ་གནང༌། སློབ་མ་རྣམས་ཀྱིས་འཕྲལ་དུ་བསྐྱར་འབུལ་དང༌། སང་ཉིན་སྐུ་མདུན་དུ་ཚོགས་འཕྲལ་རྒྱུགས་འབུལ་དགས་གང་ཐོན་བཞེས། ཀླུ་ཁང་གི་སྒོ་མང་དེར་ལོ་གཏོར་དང་རྒྱུན་གཏོར་བཞེངས་ཏེ། དགོངས་མོ་ཐུགས་དམ་བསྐང་གསོ་ཚར་རེ་ཁོར་མར་བཏང༌། ཟླ་བ་གཉིས་ཙམ་ན་དབྱངས་སོང་རྗེས། བྲག་རྫོང་མའི་ཁྲིད་ཁ་རྒྱས་པར་ཕྱོགས་པ་ཙམ་གནང་བའི་ནང་དང་གསང་བའི་བྲག་རྫོང་མ་སྒོམ་པའི་སྐབས། བདག་ལ་ཉམས་སྣང་ཕྲ་མོ་ཤར་བ་སྙན་དུ་ཕུལ་བས། འོད་གསལ་གྱི་རྟགས་སྣ་ཟིན་ཙམ་དུ་འདུག་གསུང༌། དྲུང་རམ་པ་བློ་གྲོས་རབ་ཏུ་ཡངས་པ་ལ་ཉམས་འཕར་ལན་དུ་མ། ཆོས་གྲལ་དང༌། ཐུགས་དམ་ཐུན་གྱི་སྒང་ལ་