[A:༣༣༢]ཡང་བྱུང༌། དེ་དུས་སྣེའུ་སྡོང་རྩེར་ཞབས་དྲུང་དུ་ཡར་སྟོད་ནས་སྡེ་པ་སྲོང་བཙན་པ་བཀའ་བགྲོས་ཞིག་ལ་ཕེབས། དེ་ནས་སྡེ་པ་གདན་ས་ཐེལ་ལ་སྐོར་ཅིག་ཕེབས་ཤུལ། ཞབས་དྲུང་གདུང་བརྒྱུད་བཀྲ་ཤིས་རྩེ་རྫོང་དུ་ཉིན་སྐོར་ཞིག་ལ་གདན་འདྲེན་གནང༌། ཁྲིད་གྲོལ་འཕྲལ་གྱི་ཞག་འགའ་ཐུགས་གསེང་དུ་བཞུགས་སྐབས་ཡིན་པས། ཀླུ་ཁང་ནས་དཔོན་སློབ་ཚང་མ་རྩེ་ཞབས་དྲུང་གི་བཞུགས་གྲལ་ལ་སྤྱན་དྲངས། ཞབས་དྲུང་མཆོད་ཡོན་བཞུགས་ཁྲི་གུང་ཤིབས་ཀྱི་བཞུགས་གྲལ་མང་ཧྲགས་ལ་གཞིས་ལེན་རྒྱས་པ་མཛད། གྲལ་གྱེས་ནས་མཆོད་ཡོན་རྣམས་གཟིམས་ཆུང་དུ་བཀའ་བགྲོས་ཐུང་བ་མཛད། རྩེ་ཞབས་དྲུང་ཕྱིར་ཕེབས་ཞོར་ཀླུ་ཁང་དུ་ཡང་སྐོར་ཅིག་ཕེབས། དེ་ནས་ཞག་འགའ་ན་སྡེ་པ་སྲོང་བཙན་པ་ཕྱིར་ཡར་སྟོད་ལ་ཕེབས་ལམ་ནས་སྤྱན་འདྲེན་མཛད། རྫོང་དུ་བཞུགས་ཞག་གཅིག་གནང༌། སང་ཉིན་ཕེབས་ཞོར་ཀླུ་ཁང་དུ་དཔོན་སློབ་སྐུ་མདུན་དུ་ཕྱག་འབུལ་ལ་ཕེབས། བཀྲ་ཤིས་ཁ་བཏགས་ཀྱི་སྣེ་ལ་གསེར་ཞོ་གང་སྦྲེལ་ནས་བཏགས་པ་ཞིག་ཕུལ། དེ་དུས་མཆོད་ཡོན་རྣམས་ཨར་ཆེན་གྱི་བཀའ་བགྲོས་རྩེ་དཔོན་བློན་ཞལ་མཐུན་དང༌། ཡར་སྟོད་དུ་འཕྲལ་ཡུན་གྱི་མཐའ་སེལ་གནང་བར་འདུག་ཅིང༌། སྔ་གོང་སྡེ་པ་རིན་པོ་ཆེ་དང་རྗེ་མཁན་ཆེན་ནས་ལྷ་སྡིངས་ཀྱི་རི་བོའི་མགུལ་དང༌། གཞན་ས་དམིགས་གཉིས་ཙམ་ལ་དཔྱད་གཟིགས་པ་གནང་རུང༌། དཔོན་སའི་དྲུང་གི་བཀའ་བགྲོས་ལ། རྫོང་དང་ཆོས་སྡེ་ཁད་ཉེ་བ་ཞིག་བྱུང་ན་ཡར་ཀླུངས་མཐིལ་འདིར་དུས་སྐབས་འགྱུར་བཟློག་བཞིན་བྱུང་སྲིད་ཀྱང་འཛིན་བདེ་ཞིང༌། ཨར་པོ་སྤུས་གཙང་བ་དང་གྲུབ་མྱུར་བའི་ཁྱད་ཀྱང་འདུག