R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༣༣
[A:༣༣༣] །སྔ་དུས་སྡེ་པ་ཡིད་བཞིན་ནོར་བུས་ཤར་གྱི་ལྕགས་རི་ནང་འདིར་སྐུ་རིམ་པའི་གྲ་ཚང་ཞིག་གནང་བའི་དགོངས་གཏད་ཡོད་པ་ཡང་མཐར་ཕྱིན་དུ་འགྲོ་བ་འདུག་པས་འདི་ཁར་གནང་དགོས་ཞུ་བའི་སྟེང་དུ་ལེགས་པའི་དགོངས་པ་མཆོད་ཡོན་རྩེ་མཐུན་དུ་ཤར་ཏེ་དེ་ཀའི་ཐོག་ཏུ་བཀའ་བགྲོས་ཐག་བཅད། ཡར་ཤར་བརྒྱུད། གསེར་པ་པའི་ཐིག་ལེ། སྣ་མོ་བཀྲ་ཤིས་ཀྱི་རི་བོ། དཔལ་ཚོགས་ཀྱི་བདག་པོས་ཤངས་རྩེའི་ཞགས་པ་བརྐྱང་པ་ལྟ་བུའི་ངོས་འགྲམ་དུ། རྡོ་རྗེའི་ཐེག་པ་མི་ནུབ་པའི་རྒྱལ་མཚན་བསྒྲེང་བ། ཆོས་ཀྱི་ཕོ་བྲང་བཞེང་པ་ལ་མངོན་དུ་ཕྱོགས་པའི་སྟ་གོན་དུ། བཟོའི་རིག་གནས་ལ་མཁས་པ་སྤྲུལ་སྐུ་རི་ཕྱུར་བས་གཙུག་ལག་ཁང་གི་བཀོད་པ་འཇིམ་བཟོ་ལས་གྲུབ་པ། ཤིང་བཟོ་ཆུང་ངུ་ལ་སྐྱེ་མཆེད་གཙང་དོད་ཀྱི་ཐོག་ཕུབ་དང་བཅས་པ་སྡེ་པ་ཞལ་ངོ་དང༌། རྗེ་མཁན་ཆེན་དཔོན་སློབ་རགས་བསྡུས་བཞུགས་པར་གཟིགས་ཕུལ་ནས་ཞལ་བཀོད་དགོངས་ལེན་ཞུས། མཆོད་ཡོན་སོ་སོའི་དགོངས་བཞེད་ཀྱི་ལེགས་ཆ་རྣམས་བསྡུས་ནས་འགྲམ་འདིང་བའི་བཀོད་པ་ཐག་བཅད། རྩིས་གཞུང་ལ་མཁྱེན་པ་ཕུལ་དུ་ཕྱིན་པ་གྲི་གུ་ནུབ་ལྕོག་པས་ཕྱག་ལེན་བླང་དོར་ཞིབ་གཅོད་མཛད། དཔྱིད་དུས་ཀྱི་ཉིན་མཚན་ཆུ་ཚོད་སུམ་ཅུ་མཉམ་པའི་ཚེས་ལ། ཉི་མའི་དཀྱིལ་འཁོར་འཆར་ནུབ་ཀྱི་རི་ལ་ས་དེ་ནས་བརྟགས་ཏེ། ཀུན་དགའ་ར་བ་དྲིའི་གཙང་ཁང་དང་བཅས་པའི་སྒོ་ཕྱོགས་ལྷོ་དྲང་པོར་གཟིགས་པ་ལ། འཕྱུགས་མེད་ཀྱི་མཚན་རྟགས་བཏབ་པའང་གྲས་འདིར་དགེ་འདུན་གྱི་གདུགས་ཚོད་གུང་མི་ཡོལ་བའི་གྲིབ་ཚོད་སླ་བ་དང༌། ཉིན་མཚན་