[A:༣༣༤]གཉིས་ཅར་ལ་རིམ་གཉིས་ཀྱི་སྒོམ་ཐུན་འཇུག་པའི་དུས་མི་འཕྱུགས་པའི་ཆེད་དུ་ནན་ཏན་མཛད། ལེགས་སྦྱར་གྱི་སྒྲ་ལས་ཁར་ཞེས་བོད་པ། ལྕགས་མོ་ཡོས་བུའི་ལོའི་ས་ག་ཟླ་བའི་ཚེས་བདུན་གྱི་ཉིན་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཡོད་པ་དང་བསྟུན། བཀྲ་ཤིས་ཆོས་སྡེ་རྡོ་རྗེའི་ཕོ་བྲང་ཆེན་པོའི་ས་ཐིག་བཏབ། དུས་སྦྱོར་གྱི་སྒོ་ནས་ས་བདག་ལྟོ་འཕྱེ་བརྟགས། སའི་ཟུག་རྔུ་དབྱུང་བའི་སྐབས། ས་བཀྲ་སྣུམ་ཞིང་འཇམ་པའི་གསེབ་ནས་རྡོ་བ་ཕྲ་མོ་རྣམས་ཀྱང་སྣུམ་ཞིང་འཇམ་ལ་ཡིད་དུ་འོང་བ་ཤ་སྟག་ལ། མི་ལེགས་པ་ཕྲ་མོ་ཙམ་ཡང་མ་འདྲེས་པ་བྱུང་བའི་ཤུལ་གྱི་ཁུང་བུར་རིན་པོ་ཆེའི་བུམ་པ་བཟང་པོར། གསེར་དངུལ། བྱུ་རུ་མུ་ཏིག །འབྲུ་དང་དར་ཟབ་སྨན་སྣས་གང་བའི་གཏེར་མང་པོ་བརྫངས་ཏེ། ཕྱུར་ཕུར་གང་བའི་སྟེང་དུ་ཕྱག་རྡོར་ཨུཙརྻའི་སྐུ་བརྙན་ཁ་ཆེའི་ལི་མ་མདའ་གང་ཙམ་གྱི་སྐུ་ཚད་དང་ལྡན་པ་ཞིག་ཞག་གཅིག་གི་བར་དུ་བཞུགས་སུ་གསོལ་བས། དེའི་པད་གདན་དང་ས་བཀྲའི་བར་ན་སྡིག་པ་རྭ་ཅན་ཆེ་བ་ཞིག་འདུག་པ་ལ། སྨན་དང་རིན་པོ་ཆེ་དར་སྣ། ཟས་སྣའི་གསེབ་ཏུ་བཞག་སྟེ། ཕྱོགས་གཞན་དུ་རྫོངས་ཀྱི་ཚུལ་མཛད་སོང༌། ནུབ་ལྕོག་པས་འདི་ཅུང་ཟད་རྩུབ་པའི་ཉམས་ཡིན་གསུང་གི་འདུག །དེ་ཉིན་མཁན་ཆེན་རྡོ་རྗེ་འཆང་ནས་སྙིང་པོ་ཀྱེ་རྡོ་རྗེའི་དབང་གི་ཆུ་བོའི་ཕྱག་ལེན་ལྟར། ས་སྦྱང་བ་དང༌། བླང་ཞིང་བཟུང་བ། བསྲུང་བའི་ཆོ་ག་མཛད། ས་དེར་གསིལ་གཏོར་བརྒྱ་རྩ་རྒྱས་པར་ཡང་ཡང་གནང་བའི་གཏོར་ཆུས་ས་ཕྱོགས་ཐམས་ཅད་ཁྱབ་པར་འཐོར་ཞིང་སྐྱེལ་བ་དང༌། རྒྱུན་གྱི་གཏོར་ཆུའང་ཡང་ཡང་སྐྱེལ་བ་གནང༌། དེ་ཉིན་སོས་ཆར་ཟིམ་པ་ཞིག་ཡུན་ཐུང་ཙམ་བྱུང་བས། ས་ཕྱོགས་ཐམས་