R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༣༥
[A:༣༣༥]ཅད་སྣུམ་བག་དང་ལྡན་ཞིང་ལྗོན་པའི་ཚལ་གྱི་འདབ་མ་རྣམས་བྱེ་བ་དང་མེ་ཏོག་བཀྲ་ཞིང་རྒྱས། དེ་ནས་ཞག་གཅིག་ན། སྐུ་ལྷ་ཤམ་པོའི་ཆུ་རྒྱུན་ལོ་དེ་ནང་དུ་བབས་པའི་ཐོག་མར་ཡང་བྱུང༌། ཚེས་བཅོ་ལྔ་མངོན་པར་བྱང་ཆུབ་པ་སོགས་དུས་ཁྱད་པར་ཅན་ལ་འདུ་ཁང་གཙང་ཁང་དང་བཅས་པའི་རྨང་འདིང་བ་དང་མཉམ་དུ་ཆོས་ལུང་ཚོགས་པ་བརྒྱ་ལྷག་ཙམ་མཁན་ཆེན་དང་བཅས་པ་ཕེབས། མཁན་ཆེན་རྡོ་རྗེ་འཆང་གི་ཕྱགས་ཕྱིར། ངེད་དང་ད་ལྟའི་སློབ་དཔོན་དྲུང་རམ་པ་སོགས་དང་མང་ཞིག་ཡོད་པས་གཞིས་བྱེས་ཀྱི་ཚོགས་ལ་མང་ཇ་བཟང་པོ་ཞིག་སྦྱར་འདུག་པ་གྲོལ་འཕྲལ། དགེ་འདུན་རྣམས་བཞེངས་ནས་ཁོར་ཡུག་ལ་སྦྲེངས་ལ་བཀོད། དཔོན་སློབ་དེར་ཚོགས་པ་ཐམས་ཅད་ཀྱིས་ཤིས་བརྗོད་རྒྱས་པར་གནང༌། ཆོས་ལུང་ཚོགས་པ་བཀྲ་ཤིས་རྩེར་བཞུགས་རིང་གྲ་པ་སོ་སོ་ནས་ཨ་ཀ་རུ་མང་པོའི་ཕྱག་རྟེན་དང་བཅས་རིམ་གྱིས་མཇལ་ཁ་བྱིན་རླབས་ཆོས་འབྲེལ་ཞུ་བ་དང༌། ཉིན་གཅིག་མཁན་པོ་དཔོན་སློབ་རགས་བསྡུས་ཕེབས། འབུལ་ནོད་བཀའ་མཆིད་མཛད། སྔར་མགོན་ཁྲིད་གསན་འདུག་པས། བགྲེས་རིམ་གྱིས་ཕྱག་འབུལ་ཆོས་ལུང་མཁན་པོས་སྔོན་ལ་གནང་བ་ལ་ཕྱག་ལན་མཛད་ཀྱིན་འདུག །དེ་ནས་ཚོགས་པ་ཡར་སྟོད་དུ་དབྱར་གནས་ལ་ཐེགས། སྐབས་འདིར་ཡང་དཔོན་སའི་བཀའ་འཕྲོས་ལ། ད་ཆོས་སྡེ་ཞབས་སུ་བསྒྲུབ་པ་ལ་གང་ཅིའི་ཞལ་བཀོད་མཆོད་ཡོན་ཚང་མས་ཐུགས་ཁུར་བཞེས་དགོས། ཕྱིའི་ཨར་པོ་འདི་ལ་སྡེ་པའི་དྲུང་རང་གིས་ཐུགས་ཁུར་ཆེ་བ་ཞུ། རྟེན་བཞེང་ལ་ཚུགས་ནས་ང་རང་གི་བཟོ་རྒྱུ་ཞབས་ཏོག་དོ་དམ་