R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༣༨
[A:༣༣༨]བྱུང་བ་དེ་ག་ཞུས་པས་གྲོལ་གདོང༌། དགེ་སྦྱོར་མ་ནུས་པའམ། ཡང་ན་ཁྱེར་ཁ་ཆུང༌། དམིགས་པ་ཟབ་མོ་འདི་རྣམས་ལ་རྨིས་ལྟས་བཟང་པོ་མྱུར་དུ་འོང་བ་ཡིན་རུང་ད་བར་མ་བྱུང༌། མདང་ཞག་བྱུང་བ་རྣམས་བསྙེན་པའི་ལྟས་སུ་ངོས་བཟུང་ཆོག་ཙམ་ཡིན་པ་འདུག་གསུང༌། ཁྲིད་གྲོལ་མཚམས་དོལ་མངོན་ནས་ཞང་པོ་དྲུང་པས། བསམ་སྡིངས་སུ་ངེད་དཔོན་སློབ་ལ་བཞེས་སྤྲོ་སྤུས་གཙང་མང་རབ་འབུལ་མི་གནང་བྱུང༌། བཀྲ་ཤིས་རྩེ་ནས་སྡེ་པ་དཔོན་གཡོག་ཉུང་རགས་ཤིག་བཀའ་བསྒོ་བྱིན་རླབས་ཞུ་བར་ཕེབས་ནས་ཞག་གཅིག་བཞུགས། བྱང་ཁར་དཔུང་ཐོག་ཏུ་ཐེགས། དེ་གདོང་དུ་སྒེར་པར་ཤིང་གི་སྤུས་བསྒྱུར་དགོས་གསུང༌། ཡར་མདའི་སྟོན་སྟེང་ནས་དམར་ཞོ་གྲངས་མང་པོའི་རིན་གྱི་འཛིན་ཡིག་གནང༌། ཤན་གྱི་གཞུང་ཤིང་ཐེབས་སྤོམ་ཁྱོན་ཆེ་བ་སྡོང་པོ་བཞི་ཕུལ་བྱུང་བ་ལ། གཙང་ཁང་གི་ཀ་ཆེན་བཞོག་གིན་ཡོད་འཕྲོ་དང༌། གཞན་འཁྲོལ་མ་བྱུང༌། དེ་ལོ་སྡེ་པ་རྒྱལ་བཟང་ནས་ལ་རྩེ་ཞབས་དྲུང་གི་བཀའ་བཀྱོན་ཕེབས་པའི་དམག་ཕྱིར་རྩེ་སྲིད་ཀྱི་དཔུང་འཛོམ་ཆེ་བ་ཡོད་པས། རྩེ་དཔོན་བློན་ནས་ཐུགས་རྩོལ་གནང་བའི་རྒྱལ་བཟང་མན་ལ་ཤིང་གཅོད་མཛད། ཤིང་ལྷུ་ཆེ་བ་མང་པོ་བཀྲ་ཤིས་རྩེ་ཆ་ཞབས་གསེར་འཕྱོས་ཡར་མདའ་དང་བཅས་པའི་ཆ་ཞབས་ཀྱི་མི་སྡེས་བསྐྱེལ་འདྲེན་བྱས་པ་རྣམས་ལ་གཙང་ཁང་གི་ཤིང་ཆ་ཐུབ་ངེས་བྱུང༌། སྔར་གྱི་རྣམས་བྲེགས་གཏུུ་བས་ལ་བཏང་འདུ་ཁང་ལ་ཕབ། དེ་སྐབས་འཕྱོང་རྒྱས་ཀྱི་དཔུང་ཞིབ་བསྒྲིལ་ནས་བཀྲ་ཤིས་རྩེའི་རྫོང་ལ་བསྐོར་རྡེག །གསེར་པ་གཞུང་