R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༥༨
[A:༢༥༨] བསྐང་གསོ་མཆོད་གཏོར་རྒྱུན་མི་འཆག་པ་བཙུགས། སྣེའུ་སྡོང་གོང་མ་གྲགས་པ་འབྱུང་གནས། རིན་སྤུངས་ནང་སོ་དོན་གྲུབ་རྡོ་རྗེ། གཞིས་ཀ་སྣེལ་པ། དུ་དབེན་ཤ། གཞན་ཡང་ལས་སྣ་ཆེ་ཕྲ་དང་བཅས་པའི་དཔོན་སློབ་ཐམས་ཅད་ལ་སྐུ་རིམ་དང༌། སྙན་སྐུལ་བཀའ་གྲོས་ཕུལ་དུ་ཕྱིན་པ་མཛད། སྒྲོལ་དཀར་ཡིད་བཞིན་འཁོར་ལོས་བྱིན་གྱིས་བརླབས་པས་དགུང་ལོ་བརྒྱ་ལ་གཅིག་གིས་དམན་པ་བཞུགས། བཞི་པ་བློ་གྲོས་མཚུངས་མེད་འཁྲིག་ཏུ་མི་ཆོས་ཀྱི་ནང་དུ་འཁྲུངས། ཚོགས་སུ་རབ་བྱུང་བསྙེན་པར་རྫོགས། གོང་མ་ཀུན་དགའ་ལེགས་པས་ཡོལ་དུ་བསྐོས། སྐུ་གཞོན་དུས། ལྷ་ས། རྭ་བསྒྲེང༌། རོང་ངུར་སྨྲིག་རྣམས་སུ་ཞབས་སྐོར་འབུམ་ཚོ་རེ་མཛད། ཞི་དུལ་ཆེ། ཚུལ་ཁྲིམས་ཀྱི་དྲི་རྒྱང་རིང་པོར་ཚོར་བས། དགེ་འདུན་གྱི་དབུས་སུ་ཕེབས་དུས་ཐམས་ཅད་ཀྱི་རྟོག་ཅིང་མོས་པ་བྱེད། རྩེར་མཁན་ཐོག་ཏུ་བཞུགས་རིང་བཅའ་སྒྲིགས་ཀྱི་བཀའ་དྲིན་ཆེ་ཞིང༌། ཡོལ་དུ་ཁོང་རང་གི་ཐུགས་དམ་བདེ་མཆོག་ལཱུ་ཧི་པའི་ཉུང་གྲྭ་ཞིག་འཛུགས་པ་མཛད་འདུག །ལྔ་པ་བློ་གྲོས་བརྟན་པ་སྙེ་མོར་འཁྲུངས། ཚོགས་སུ་རབ་བྱུང་བསྙེན་པར་རྫོགས། གོང་ཚེས་གཉིས་རིན་པོ་ཆེའི་འཇའ་ས་དང་བཅས་ཡོལ་དུ་བསྐོས། སྨྱུག་ལྷ་པཎ་ཆེན་དང༌། ཐོན་པ་ཆོས་རྗེ་ཡོན་ཏན་རྒྱ་མཚོ་ལ་ཆོས་གསན། སྡེ་ཡངས་ཀྱི་མཁན་སར་ཕེབས། བྱ་བ་ལས་ཀྱི་འཁོར་ལོའི་མཁྱེན་པ་ཆེ་བས་དགོན་མ་ལག་ཏུ་ཉེར་མཁོའི་ཡོ་བྱད་ཀྱི་འབྱོར་པ་ཐོབ། མཁན་པོ་འདི་དང་འཁྲུངས་ཡུལ་ཡབ་གཅིག་གི་གཅུང་པོ་དཔོན་པོ་མཚོ་སྐྱེས་ཞུ་བ་ཞིག་རྟེན་སྐྱ་བོར་བཞུགས་ཀྱང་ཡ་རབས་ཀྱི་ཚུལ་དང་མཐུན་པར་ཡོད་པས། མཁན་ཆེན་བློ་གྲོས་བརྟན་པ་གཤེགས་རྗེས།