[A:༢༥༧]ཡང་སྐུ་ཆོས་ཤིག་བྱིན་རླབས་རྟེན་ལ་འདུག་པས་ཆུའི་གནོད་པ་བཟློག་ནུས་པ་སོགས་བྱིན་རླབས་ཀྱི་མཚན་མ་ཡིད་ཆེས་སུ་སྣང༌། མཁན་པོ་འདི་ལ་སྣེའུ་སྡོང་གོང་མ་ཆེན་པོ་ཁུ་དབོན་གྱིས་སྔ་ཕྱིར་སྦྱོར་དྲུག་གི་འཁྲིད་མང་པོ་གསན་དུས་ཀྱི་སྙན་འདེབས་བཀའ་ཤོག་ད་ལྟའང་འདུག་པར་བཀུར་ཆ་ཆེ་བ་གདན་ས་ཐེལ་གྱི་སྤྱན་སྔ་དང་མཉམ་པར་འདུག་ཅིང༌། སྤྱན་སྔ་ལ་དཔལ་ལྡན་བཟང་པོ་དང། ལྷ་གཟིགས་རས་པ་གཉིས་ཀའི་བསྙེན་རྫོགས་ཀྱི་མཁན་པོ་མཛད་པས་སྡེ་ཆེ་ཕྲ་མང་པོར་སྡོམ་རྒྱུན་གྱིས་ཁྱབ༌། ཡོངས་རྫོགས་ཀྱི་མཁས་པ་མཁན་ཆེན་རྒྱལ་མཚན་བཟང་པོ་སོགས། དོན་འཁྲིད་ཀྱི་བཀའ་དྲིན་ཐོབ་པའི་སློབ་མ་མཁས་པ་དང་མྱོང་ཅན་མང་པོ་བྱུང༌། ཡོལ་གྱི་གདན་སར་མཁན་ཆེན་བློ་གྲོས་རྒྱལ་མཚན་ནི། མཁན་པོ་གོང་མའི་སྣག་དབོན་ཞིག་ཚོགས་ཁྲོད་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གྲོ་སར་དམར་སྟོན་རྒྱམ་རིན་པ་ལ་བརྟེན་ནས་འདུལ་མཛོད་ལ་སྦྱང༌། མདོ་རྩ་ལ་ཊཱིཀྐ་ཞིག་མཛད་པ་ལེགས་པར་གྲགས། རིན་ཅེན་གླིང་དུ་དུས་འཁོར་བུ་ལུགས་ཀྱི་དཀྱིལ་ཆོག་རྒྱས་པ་ཞི་བའི་སྦྱིན་སྲེག་དང་བཅས་པ་བཙུགས་འདུག་པའི་རྒྱུན་ད་ལྟའང་བཟང་བར་ཡོད། ཚོགས་མཁན་པོར་ཡང་ཕེབས། གདན་ས་གསུམ་པ་མཁན་ཆེན་བསྟན་པ་བློ་གྲོས་ནི། སྙེ་མོར་མཁན་ཆེན་སངས་བློའི་སྐུ་མཆེད་མི་ཆོས་པ་ཞིག་གི་སྲས་སུ་འཁྲུངས་པའི་རུས་དཔོན་ཡིན་པ་ཚོགས་སུ་རབ་བྱུང་བསྙེན་རྫོགས། སྣེའུ་སྡོང་གོང་མ་གྲགས་པ་རྒྱལ་མཚན་གྱི་བསྐོ་འཇས་ཡོལ་དུ་བཀོད། བླ་མ་མང་དུ་བསྟེན། ཡོལ་དུ་གསང་འདུས་མི་བསྐྱོད་པའི་ཆོག་གྲྭ་བཟང་པོ་བཙུགས། འདུ་ཁང་ཆེན་མོ། གཙང་ཁང་མགོན་ཁང་རྣམས་བཞེངས།