[A:༣༣༩]ལ་བསྐུལ་བའི་ངེས་པ་ཁོ་ནས་དུས་འདའ། ཡོས་ལོའི་བཅོ་ལྔ་མཆོད་པ་ལ་བསམ་སྡིངས་སུ་དཔོན་སློབ་རང་གི་ཕྱག་ནས་སྤྱན་གཟིགས་དང་མཆོད་ཤོམས་རྒྱས་པར་མཛད། བླ་མ་མཆོད་ཆོག་སོགས་ཐུགས་དམ་ཆོས་སྤྱོད་འགྲོ་ཆེ་བའི་ཚོགས་ཀྱང་གྲ་ཚང་གང་ཡོད་གཟིམས་ཆུང་རང་དུ་ཚོགས་པ་གནང་བ་ལ་ཞབས་ཏོག་ཕྱག་རང་ནས་བཟབས་འདེགས་བྱུང༌། དེ་ཉིན་བདག་དང་སློབ་དཔོན་དགེ་སློང་བས་འགོ་བྱས། གྲང་ཚང་བྱིངས་ཀྱིས་མཁན་ཆེན་ཞབས་དྲུང་དུ་བཞུགས་འདིང་ཞིག་དང༌། སོ་སོ་ནས་ཕྱག་རྟེན་རེ་ཕུལ། བརྟན་བཞུགས་ཀྱི་གསོལ་འདེབས་ཞུས་དེ་ནས་ཞག་བཅུ་སྐོར་སོང་དུས། དཔོན་སློབ་ཉུང་རགས་ཤིག རྩེས་དང་བསམ་གཏན་གླིང་གི་གཏོར་གསོ་ལ་ཕེབས་དུས། དྲུང་གནས་ངག་དབང་གྲགས་པས་སྒེར་གྱི་ཚོགས་འཁོར་བཟབས་འདེགས་ཤིག་ཞུས་གསོ་སྦྱོང་ཁང་པར་བཞུགས་ཞག་གསུམ་གྱི་བར་དཔོན་ས་ཆོས་མཛད་དྲུང་ཤེས་རབ་རྒྱལ་མོས་ཞབས་ཏོག་མཛད། དབང་བཀའ་རྗེས་གནང་མང་དུ་གནང་བ། དོལ་མངོན་ནས་ཞལ་ངོ་སྐུ་གཞོན་ཁ་ལྕམ་སྲིང་རྣམས་ཀྱང་གསན་བཞེས་ལ་ལྷན་དུ་ཕེབས། སླར་བསམ་སྡིངས་སུ་ཕེབས་ཞོར། རྩེ་ནོར་བུ་གླིང་དུ་གསོལ་ཇ་ཆིབས་ཤོལ་ཙམ་གྱི་མཆོད་ཡོན་མཇལ། དེ་ནས་སྟོན་གྱི་སྒང་དེར་ཁྲ་འབྲུག་གདོང་དུ་ཆབ་ཞུགས་མཛད་པ་གྲོལ་མཚམས། བཀྲ་ཤིས་རྩེར་སྐོར་ཅིག་ཕེབས་ཐོག །འདུ་ཁང་མཐིལ་གྱི་སྒྲགས་ཐོག་གི་ཤིང་ཆ་རྣམས་དང། རྩིག་པ་བྱེད་འཕྲོས་རྣམས་ལ་བགེགས་སྐྲོད་དང་བྱིན་རླབས་གནང༌། ཀླུ་ཁང་སྒོ་མངས་ཀྱི་གཏོར་གཞི་ལ་བསྐང་