R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༤༡
[A:༣༤༡]གསོ་གཏོར་སྒྲུབ་བཀའ་བསྒོ་དམ་བཞག་དང༌། ཀླུ་ཁང་རྩེ་ལ་རྒྱུན་བཞུགས་ཀྱི་གཟིམས་ཆུང་གནང་ཆོག་པའི་སྒྱུར་བཀོད་བསླབ་སྟོན་གནང་བ་ལྟར། ཨར་དཔོན་རི་ཕྱུར་བས་དཔོན་སློབ་ཕྱོགས་ཐེགས་གནང་ཤུལ་དུ་ལེགས་པར་བསྒྲུབས། དེ་སྐབས་སྙུག་ལ་ནས་གདན་འདྲེན་བཅར་རྒྱག་སླེབས་ངོར་སྐུ་ཉེ་མཆོད་ཡོན་གྱི་ཕྱི་ཐག་ལ་ཡས་ཕྱོགས་སུ་ཕེབས་གདོང༌། བསམ་སྡིངས་གྲ་ཚང་དུ་ཕེབས། དེ་ན་བཞུགས་པའི་ལོ་གཏོར་རྒྱུན་གཏོར་ལ་ཡང་ཞག་གསུམ་གྱི་བར་གཏོར་སྒྲུབ་བསྐང་གསོ་བཅོལ་གཏད་གནང༌། ཡས་མས་གཉིས་ཅར་གྱི་གཟིམས་ཆུང་ལ་བཀའ་ཤོག་གིས་མནན་ཏེ་དམ་དོགས་ཆེ་བར་མཛད། དེ་ནས་རྩེ་དོལ་མངོན་རྣམས་སུ་སྐོར་རེ་ཕེབས་ནས་དགུན་སྟོད་དུ་ཉེ་བ་ན་ཡས་ཕྱོགས་སུ་ཕེབས། བཞུགས་ཡུལ་ལྷ་གཤོངས་སུ་གནང་ཐོག་ནས། སྙུག་ལ་བསམ་མཁར་གཉིས་སུ་སྐུ་རིམ་དབང་བཀའ་རྗེས་གནང་རྒྱས་པ་དང༌། ལྷུན་རབ། སྦུས་སྡེ་གཡུལ་རྒྱལ་གཉིས་སུའང་ཞལ་ངོ་སོ་སོས་གདན་དྲངས་པ་དང༌། སྐྱིད་ཚལ་ནས་རྗེ་བློ་གྲོས་རྣམ་རྒྱལ་དང༌། ལྷུན་རབ་ནས་དཔོན་ས་ཡིད་བཞིན། མཆོད་ཡོན་སོ་སོར་བྲག་རྫོང་མའི་ཁྲིད་དམིགས་མདོར་བསྡུས་རེ་གནང༌། དེ་སྐབས་དཔོན་ས་ལ་གདོན་གྱི་གནོད་པ་དྲག་པོ་ཞིག་ཡོད་པ་ལ། མགོན་པོ་ཁྲོ་བཅུའི་དབང་ནན་བསྐྱེད་གནང་བས་རིམ་གྱིས་བདེ་གྲོལ་དུ་སོང༌། རི་གོང་མགོན་ཁང་དུ་གཏོར་བསྔོ་དམོད་བཅོལ། ཡོལ་བླ་བྲང་དུ་ཕེབས་ནས་རྟག་གཏོར་སྐུ་མདུན་དུ་གཏོར་གྲུབ་བསྐང་གསོ་བརྒྱ་ཚར་ཚོགས་འཁོར་འབུལ་ནོད་ཕྲན་