[A:༣༤༢]བུ་དང་བཅས་པ་ཞུས། བཞུགས་ཞག་ཟླ་ཕྱེད་སྐོར་གནང་ཐོག་ནས་བཀྲ་ཤིས་རྩེའི་གདན་འདྲེན་ཞབས་བསྐུལ་དང་སྦྱར། ལོ་དེ་ནང་དུ་ཐེགས་པ་གནང༌། ལོ་གསར་ཐོག་རྩེ་དཔོན་བློན་དུ་ཆོས་བཀའ་དང༌། བཀྲ་ཤིས་རྩེར་གཏོར་བཟློག་ཞུས་རུང༌། ཡས་ཕྱོགས་སུ་ཚར་གཉིས་སོང་བས་མ་གནང་བར། ཀླུ་ཁང་སྒོ་མང་གི་གཏོར་ཚོགས་སྐྱོང་བ་གནང་སྟེ་གཤེགས་གསོལ་དང༌། ཀླུ་ཁང་རྩེར་གསར་འཛུགས་ཀྱི་གཏོར་སྒྲུབ་ནན་ཏན་ཅན་གནང༌། དེ་ནས་བསམ་སྡིངས་སུ་སྐུ་སྒེར་གྱིས་སྐུ་རིམ་གཏོར་ཆེན་ཞིག་མཛད་པས་ལྟས་བཟང་པོ་བྱུང༌། དེ་སྐབས་ཤིག་སྡེ་པ་རིན་པོ་ཆེ་ལ་ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ་གནང་བས། གཏོར་མ་ལ་དྲོད་ཚན་ཆེར་སྐྱེས་ཏེ། གཏོར་མ་ལ་བཙུགས་པའི་མདའ་དར་ལ་དྲོད་ལག་པས་མི་ཚུགས་པ་ཙམ་བྱུང༌། དེ་ནས་ཆོས་སྡེའི་གཙུག་ལག་ཁང་གི་གྱང་ལ། ནང་བཟན་ཕྱི་ནང་གི་རྩེད་སྣའི་མཆོར་ཆས་དང་བཅས་པའི་བཟབས་ལས་དགའ་སྟོན་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ངང་ནས་གྲུབ་མྱུར་ལ་སྤུས་གཙང་ཞིང༌། གྱང་སྐམ་ཐག་ཆོད་མཚམས་གཙང་ཁང་གི་ཤིང་བརྩེགས་རྣམས་ཀྱི་བཟོ་གྲུབ་ཡོད་པ་ལ་སྦྱང་བ་དང་རྣམ་སྣང་དུ་བསྐྱེད་ཆོག །རབ་གནས་ཞལ་བསྒྱུར། མཆོད་བསྟོད། ཤིས་བརྗོད་མདོར་བསྡུས་འགྲིལ་བ་རེས་བྱིན་གྱིས་བརླབས་ནས་ཐོག་ཐུབ། གཞན་ཡང་སྙུག་ལ། འཕྲང་མགོ། དོལ་མདའ། རྡོ་མདའ་རྣམས་ནས་ཤིང་ཆ་སྤུས་གཙང་གི་ཐོག་ཏུ་ཇ་ཁྲོ་ཟངས། གོ་ཁྲབ། མཛོ་རྟ་རྣམས་སྤུས་བསྒྱུར་ཏེ། དབྱར་དགུན་ལ་མ་ལྟོས་པའི་གཅོད་འདྲེན་ལོ་བསྟུད་མར་གཙང་པོའི་ཆུ་ཐོག་ལ་ཕབ་པས། ལམ་བར་དུུ་འུ་ལག་རྒན་པོ་གཅིག་མ་གཏོགས།