[A:༣༤༣] གཞིས་བྱེས་ཀྱི་ལས་ཀ་ཉེན་ཆེ་ས་རྣམས་སུ་ཡང་མི་དུད་འགྲོ་གང་ལ་ཡང་གོད་ཁ་མ་བྱུང༌། མགོན་ཁང་གི་ནུབ་ཕྱོགས་ནང་ངོས་བྲག་མཐའ་ཤིན་ཏུ་འཁྲེགས་པ་རྣམས་བཀའ་ལས་ལ་མ་རྩེགས་པར་འབྱོར་སྟེའུ་སོགས་ཀྱིས་ངོས་མཉམ་དུ་བརྐོས་ཏེ་ཐོག་ཕུབ། ཨར་པོ་བྱིངས་ལ་དགུན་གྲང་སྒང་ལ་ཟླ་བ་རེ་ཙམ་བཤོལ། གཞན་ལས་མཚམས་མེད་པར་བྱས། རིམ་གྱིས་རྣམ་སྲས་ལྷ་ཁང༌། འདུ་ཁང། རྒྱལ་ཆེན་འགག་རྣམས་ཕུབ། དེ་དག་ལ་སྔ་ཕྱིར། རྩེ་ཞབས་དྲུང༌། ཆོས་རྒྱལ་ཕོ་བྲང༌། མཁར་ཐོག་རྣམས་ནས་དགའ་སྟོན་གྱི་བསྙེན་བཀུར་བཟང་པོས་བཟོ་རིགས་པ་མང་རགས་ལ་བཞུགས་གྲལ་གཞིས་ལེན། གནང་སྦྱིན་སོ་སོའི་བབ་ཐོབ་དང་བསྟུན་པ། མཆོད་ཡོན་ཞལ་ངོར་ཇ་ཞུས་འབུལ་བ་རིམ་ཅན་དུ་བྱུང༌། འབྲུག་ལོའི་སོས་ཀ་གཡའ་ནང་རི་ཁྲོད་དུ་ཕེབས། སྒྲུབ་སྡེ་པ་རྣམས་དང་ཡོན་བདག་དྲག་ཞན་མང་པོ་ལ་ཀྱེ་རྡོར་གྱི་དབང༌། ནི་གུའི་ཁྲིད། ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ། མི་དམངས་འདུས་པ་ལ་ཚེ་རྟའི་བཀའ་བྱིན་རླབས་གནང་དུས་རྒྱབ་རིའི་རྩེ་ལ་སྤྲིན་དང་ཆར་ཞོད་སོགས་མེད་པའི་ནམ་མཁའ་དངས་པ་ལ་འཇའ་ཚོན་སྣ་ལྔ་པ་འཆར་བ་སོགས་བྱུང༌། དེ་ནས་མེ་ཏོག་མདངས་ཅན་གྱི་ཚེས་བཅུ་ཆེན་མོ་ལ་སྤྱན་འདྲེན་བྱུང་བས་རྩེར་བཞུགས་གྲལ་གྱི་གུང་ལ་ཕེབས། བཞུགས་ཞག་ཁ་ཤས་གནང་རིང་རྐྱེན་སེལ་གྱི་བཀའ་རྗེས་གནང་ཐོར་བུ་མཛད། སླར་བསམ་སྡིངས་གཟིམས་ཆུང་ཆོས་སྡེ་ཀླུ་ཁང་རྩེ་རྣམས་སུ་སྐྱབས་འཇུག་གི་སྐུ་མཚམས་སྐབས་གསེང་ལ་གྲ་ཚང་གི་སྒྲིགས་དང༌། ཡིག་ཆའི་