R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༤༦
[A:༣༤༦]ནས་བཀྲ་ཤིས་རྩེར་ཕེབས། ཟླ་གཅིག་ལྷག་ཙམ་བཞུགས་རིང༌། སྔ་གོང་ཞལ་ངོ་ནང་དུ་བཀའ་བགྲོས་ཡོད་པ་ལྟར། གཙང་ཁང་གི་རྟེན་གཙོ་ཐུབ་ཆེན་རྒྱབ་མཐོ་ཉི་ཤུ་རྩ་ལྔ་པ། སྐུ་རྒྱུ་ཡང་ཟངས་གསེར་ལས་གྲུབ་པ་གནང་བའི་ཞལ་བཀོད་དང༌། ཁྲི་རྒྱབ་ཡོལ་གྱི་ཕྱག་བཟོ་ལ་གོང་དཀར་ནས་སྤྲུལ་སྐུ་དགེ་སློང་སྦྱིན་པ་རྣམ་རྒྱལ་འབྱོན་རྒྱུའི་གནས་ཚུལ་ཙམ་ཕུལ་དུས། ཚུལ་བསླབ་སྟོན་མང་པོ་གནང་བ་ལ་བཀའ་དྲིན་བསྐྱངས་ཞུས་འདུག་པས། ཐུབ་ཆེན་གྱི་སྐུ་དཔེ་ས་སྦྱོར་སྟབས་གང་བདེ་ལ་བྱས་པ་ཞིག་གི་ཕྱག་བཟོ་གནང༌། ཞལ་བཀོད་དང་བཅས་བལ་པོ་བཟོ་བོ་ལྔ་ཙམ་གྱིས་བརྡུང་བཟོ་ཚུགས་ནས་མྱུར་བར་ཐེགས། དེའི་ཤུལ་དུ་འཕུལ་རན་དུས་བལ་པོ་མཁས་པ་ལུང་ཀུ་ཤིང་ཟེར་བས་དཔེ་ལ་ལྟས་ཀྱིན་འཕུལ་བཟོ་བྱས་པས་ལེགས་པོ་ཡོང་བའི་ཁུལ་བྱེད་ཀྱིན་འདུག །དེ་དུས་རྗེ་མཁན་ཆེན་དཔོན་སློབ་པས་སྣ་ནས་བཀྲ་ཤིས་རྩེར་ཨར་པོ་དང༌། བཟོ་གྲའི་སར་ཉིན་འཁོར་ཞིག་ལ་ཕེབས། དེ་དུས་གཡེང་རྐྱེན་ཟ་ཟི་མངས་པའི་ཨར་པོ་ཉོག་གེ་བ་འདུག་པས། བཀའ་ལས། མགོན་ཁང་འདི་ཐོག་མར་བསྒྲུབས་ནས་འཕྲིན་ལས་བསྐུལ་ན་གཞན་ཐམས་ཅད་དགའ་བ་མེད་པར་ཡོང་གསུང་མགོན་ཁང་གི་གུང་དུ་ཕེབས། ཐུགས་དམ་དམོད་བཅོལ་གནང༌། ཁྲག་གསར་པ་རག་འགག་གང་དང་དམོད་ནས་སྦྲགས་པ་ཞིག་བྲག་ངོས་ཀྱི་གུང་ལ་འཐོར་བ་གནང་སོང༌། རྗེས་སོར་དཀར་གསལ་མེད་པའི་མུན་ནང་དེར་སྒྲོན་མེ་སྦར་ནས་བལྟས་པས། བྲག་ངོས་ལ་ཁྲག་གི་འཐོར་རིས་བོད་ཡིག་དབུ་ཅན་གྱི་ཧཱུཾ་གི་