R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༤༧
[A:༣༤༧]དབྱིབས་རྒྱང་ནས་ལྟས་ན་ཤིན་ཏུ་གསལ་བ། འཁྲིས་སུ་བཅར་ན་འཐོར་ཁྲ་ཕྲ་མོ་རྣམས་ཀྱིས་མི་གསལ་ཙམ་དུ་འདྲེས་པ་ཞིག་རང་བྱོན་དུ་བྱུང༌། དེ་ཉིན་དཔོན་སློབ་ཀླུ་ཁང་ཕྱི་མར་ཕེབས་དུས་དབོན་སའི་དྲུང་དང་ལྕམ་སྲིང་ཐམས་ཅད་ཕྱག་འབུལ་ལ་ཕེབས་མཆོད་ཡོན་རྣམས་བཀའ་བགྲོས་ཐུང་ཙམ་གནང་རིང༌། ངེད་རང་གྲོ་ས་ནས་ཆོས་རྗེའི་དྲུང་སོགས་ཀྱིས་གར་བབ་ཏུ་ལྟད་མོ་བཞིན་དང༌། ཁྱད་པར་བལ་པོའི་བཟོ་གྲར་ཕྱིན་པས་བཟོ་འཕྲོ་མང་པོ་བསྟན་བྱུང་དུས། རྟེན་ཆེན་ཞལ་སྒོ་ལ་འཕུལ་བཟོ་བྱེད་པའི་སྒང་ལ་འདུག། ཧ་ཅང་ལེགས་པོ་ཡོང་བ་འདྲ་བསམ་པ་ནི་མ་བྱུང༌། བཟོ་གནས་ཕྲན་བུ་ཐིངས་བྱུང་བ་འཕྲལ་དུ་ལབས་པས་བལ་པོ་རྣམས་དགའ་སོང༌། རྫོང་ནས་དེ་ནུབ་བཞུགས་པར་ཞུས་ཀྱང༌། དགོངས་པ་མ་གྲོལ་བར་བསམ་སྡིངས་རང་དུ་ཤར་རྒྱག་ཕེབས། ཚེས་བཅུ་ཡིན་པས་རྣལ་འབྱོར་མའི་བསྒྲུབ་མཆོད་སྐུ་རྐྱང་ཞིག་གནང་གི་འདུག །སང་ནས་བཅོ་ལྔ་མཆོད་པ་ཆེན་པོའི་སྤྱན་གཟིགས་མཆོད་ཆ་འགྲེམས་པ་དང༌། གཉེར་ལས་འཛིན་རྣམས་ཀྱང་སོ་སོའི་ཐུགས་བྲེལ་ཚུགས། ངེད་ཁ་ཤས་ཀྱིས་ལས་ཆོག་བལྟས། ཟླ་བ་བདུན་པའི་བཅོ་ལྔ་མཆོད་པ་ལ་ཞོགས་ཇའི་ཐོགས་སྔ་བར་གཟིམས་ཆུང་དུ་ཚོགས་ནས་སྐུ་བསྟོད་རྣམས་དང༌། བླ་མ་མཆོད་ཆོག་རྒྱས་པར་གྲུབ་ནས་གདན་བཞེས་ཕྱག་རང་ནས་བཟབས་གནང་གྲོལ་རྗེས། ཚ་རྟིང་མའི་མང་ཇ་ཐོག་ཏུ་གྲ་ཚང་བྱིངས་པོ་འདུ་ཁང་དུ་ཚོགས་ནས་ཆོས་སྤྱོད་སྒྲིགས་མ་རྣམས་མཛད། གཟིམས་ཆུང་གི་མཆོད་ཤོམས་སྐུ་མདུན་དུ་