R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༤༨
[A:༣༤༨]ལས་གྲལ་གནང༌། བསྒྲུབ་བྱ་ཚན་པ་དང་པོ་ལ་ཆོས་རྗེ་གྲོ་ས་ནས་དཔོན་སློབ་དང༌། ཀོང་པོ་ཞོ་ཁ་ཆོས་སྡེ་པ་གཅིག །དེ་རྗེས་བཀྲ་ཤིས་ཆོས་སྡེ་རང་ནས་བསྒྲུབ་བྱ་གསུམ་ལ་བསྙེན་པར་རྫོགས་པ་འབོགས་ཆོག་གནང་བའི་མཁན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྡོ་རྗེ་འཆང་འདུལ་བ་འཛིན་པའི་དབང་པོར་སྐུ་བསྟན་པ་གཞོན་ནུ་བློ་གྲོས། ལས་ཀྱི་སློབ་དཔོན་ཁོ་བོ་དགེ་སློང་སྤོང་བ་པ་བྱམས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། གསང་སྟོན་ཡང་དེ་ཉིད་ཀྱིས་བགྱིས། གྲོགས་དན་པ་སློབ་དཔོན་རབ་འབྱམས་པ་བློ་གྲོས་རབ་ཡངས། དུས་བསྒོ་བརྗོད་པ་སློབ་དཔོན་དགེ་སློང་ཤཱཀྱ་མཆོག་པས་མཛད། ཁ་སྐོང་གི་དགེ་སློང་དང་བཅས་པའི་དབུས་སུ་བསྒྲུབ་བྱ་རྣམས་དགེ་སློང་གི་དངོས་པོར་གྲུབ་པར་བྱས། དེ་ནས་བསྒྲུབ་བྱ་གསུམ་མཚན་གཉིས་དགེ་ཚུལ་དུ་བསྒྲུབས། དེའི་སང་ཉིན་བར་མ་རབ་བྱུང་མང་པོ་བསྒྲུབས། སོ་སོར་ཐར་པའི་སྡོམ་པ་ཡོངས་སུ་རྫོགས་པའི་སྒོ་ནས་ཉན་ཐོས་ཀྱི་སྤྱོད་པ་བསྲུང་བས། བསྟན་པ་སྤྱིའི་མིག་རྒྱན་བཟང་པོ་དང༌། གསང་སྔགས་ཀྱི་ལམ་སྒོམ་པ་ལ་ཡང་རྟེན་མཆོག་ཏུ་བཤད་པ་བཞིན། འདུལ་བའི་ཕྱག་ལེན་དང༌། སྡོམ་ཁྲིམས་ཀྱི་རྩལ་འདོན་ལ་བསྐུལ་ཞིང་སྦྱོར་བའི་བཅའ་སྒྲིགས་རིམ་ཅན་དང༌། སོ་སོ་ནས་དགེ་སློང་དགེ་ཚུལ་གྱི་བསླབ་བྱ་སྟོན་པའི་ཡིག་སྣ་རྒྱས་བསྡུས་བློས་གང་ལྕོགས་ལ་རྒྱུན་དུ་ལྟ་རྟོག་བྱེད་དགོས་པ་དང༌། ཡར་ངོ་མར་ངོ་གཉིས་ཀྱི་གསོ་སྦྱོང་གི་ཆོ་ག་ཞིག་ཀྱང་སྟར་ཆགས་གནང་བའི་དགོངས་པ་གཏད། དེ་ནས་ཞག་བཅུ་སྐོར་སོང་འཚམས་གྲོ་ས་ནས་ཆོས་རྗེ་རིན་པོ་ཆེ་སྐུ་དོན་གྱི་གཙོ་བོ་རྣམས་ཐུགས་ཁ་ཚིམས་པ་ནས། འཕྲལ་