[A:༡༡༧]ཅིང་བཞུགས། དེར་བླ་མ་ཁ་ཆེ་བ་རྒྱ་དཔེ་ལ་གསུང་པ་ལ། ཆོས་རྗེ་པས་བོད་དཔེ་ཅིག་བཀྲམ་པས་པཎ་ཆུང་ཚོ་དགོད་ཅིང་ཁོང་ལ་ཁྲེལ་འདུག་པས་བླ་མ་ན་རེ། ཁྱོད་ཚོ་ཅི་ལ་དགོད་གསུང༌། དེར་ཆོས་རྗེ་པས་བོད་དཔེ་བཀྲམ་པ་ལ་དགོད་པར་འདུག་སྟེ། བླ་མའི་ཞལ་ནས་ཆོས་རྗེ་པ་ལ་ཁྱེད་དཔེ་དེས་ཅི་ལ་ཕན། ཅི་ལ་ཡང་མི་ཕན་གསུངས་པས། དེར་ཆོས་རྗེ་པ་ན་རེ་གཞན་ལ་མི་ཕན་ཀྱང་བདག་རང་ལ་ཕན་པར་གདའ་ཡི་བྱས་ཏེ། བོད་དཔེ་ལ་རྒྱ་སྐད་དུ་བསྒྱུར་ཏེ་བཀླགས་པས་ཇི་ལྟ་བ་བཞིན་མཁྱེན་པས་པཎ་ཆུང་ཚོ་དངོས་ལ་བཀའ་བཀྱོན་བྱུང་སྟེ། ཁྱེད་ཚོས་ཅི་ལ་དགོད་པ། ས་སྐྱ་པ་ཁོ་རང་གིས་ཤེས་ཀྱིན་འདུག་པ་གསུང༌། དེར་བླ་མ་ལ་བདག་ཅག་བོད་ལ་སྔོ་མ་ཡིན་ལས་ལྡོག་པའི་སྔོ་ཙམ་བྱ་བ་ཅིག་འདོད་ལགས་ན། དེ་ཇི་ལྟར་ལགས་ཞུས་པས། སྔོན་པོ་དོན་ལ་ཡོད། ཙམ་ཙོམ་མམ་དེང་ལ་ཆ་མེད་གསུངས་པས་ཚད་མའི་གནད་ཐམས་ཅད་དེར་གོ་གསུང༌། དེར་བླ་མའི་པཎ་ཆུང་དཱ་ན་ཤཱི་ལར་ཡང་ཚད་མའི་ཆོས་སྐོར་མང་པོ་དང༌། ཀུ་རུ་ཀུལླེ་དང༌། རྣལ་འབྱོར་མ་དང་འཇམ་པའི་དབྱངས། གཤིན་རྗེའི་གཤེད་དམར་པོ་དང༌། མི་གཡོ་བ་དཀར་པོ་ལ་སོགས་པ་གསན། བལ་པོ་སཾ་གྷ་ཤྲཱི་ལས་སྒྲའི་བསྟན་བཅོས་དང༌། ཚད་མ་རྣམ་འགྲེལ་ལ་སོགས་པ་གསན། དེ་ནས་ཆོས་རྗེ་པའི་ཞལ་ནས། ང་བསོད་ནམས་རང་ཆེ་བར་བྱུང༌། རྒྱ་གར་ཤར་ནུབ་གཉིས་ན་བལ་པོ་སཾ་གྷ་ཤྲཱི་བས་སྒྲ་མཁས་པ་མེད་པར་འདུག་སྟེ། དེ་ངའི་གན་དུ་བྱུང་བ་ཡིན་གསུང༌། དེ་ནས་བླ་མ་ཁ་ཆེ་བ་དབུས་སུ་གཤེགས་ཏེ། ཆོས་རྗེ་པས་པཎྜི་ཏ་སུ་ག་ཏ་ཤྲཱི་ས་སྐྱར་གདན་དྲངས་ནས་ལོ་གཉིས་སུ་སྒྲ་དང༌། ཚད་མ་དང༌། སྙན་ངག་དང༌། སྡེབ་སྦྱོར་ལ་སོགས་པ་གསན་ནས་ཐམས་ཅད་ཐུགས་སུ་ཆུད་པར་མཛད། དེ་ནས་དུས་ཕྱིས་བླ་མ་ཁ་ཆེ་བ་གཙང་དུ་བྱོན་ནས། ཉུང་ཆུང་ན་བཞུགས་པའི་དུས་ན་ཆོས་རྗེ་པས་མཇལ་དུ་བྱོན་ནས། དེར་རབ་ཏུ་བྱུང་བར་བཞེད་དེ། རྗེ་པ་ལ་ཞུ་ཡིག་བསྐུར་བས་གནང་ནས། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་ཉང་སྨད་རྒྱན་གོང་གི་གཙུག་ལག་