[A:༡༡༨]ཁང་དུ་ཟེར་ཡང་ལོ་སྟོན་གྱིས་བཞུགས་ས་ཡིན་པས་དབུ་སྐྲ་དེར་བཞར་བ་མ་གཏོགས་སྡོམ་པ་ཉུང་ཆུང་དུ་བླང་གསུང༌། བླ་མ་ཁ་ཆེ་བས་མཁན་པོ་མཛད། བྱང་ཆུབ་སེམས་དཔའ་སྤྱི་བོ་ལྷས་པས་ལས་ཀྱི་སློབ་དཔོན་དགེ་བཤེས་ཞུ་ཧུལ་གྱིས་གསང་སྟོན་མཛད་ནས་དགེ་འདུན་རྒྱ་མཚོ་ལྟ་བུའི་དབུས་སུ་བསྙེན་པར་རྫོགས་པར་མཛད་ནས། ཁ་ཆེ་བའི་ཞལ་ནས། ད་རབ་ཏུ་བྱུང་ནས་དེའི་བྱ་ཆ་དང་བསྲུང་སྡོམ་ལ་བརྩོན་པར་གྱིས་གསུངས་ནས། ཆོས་རྗེ་པའི་དྲུང་དུ་ཇོ་གདན་ཤིན་ཏུ་ཐུ་མོ་ཅིག་བཞག་ནས་འཕྲལ་གྱི་སྤྱོད་ལམ་ཐམས་ཅད་ལ་སྐྱོན་གཏོང་གིན་པ་ཅིག་བྱུང༌། དེ་ནས་བླ་མ་ཁ་ཆེ་བ་ལས་ཚད་མ་སྡེ་བདུན་ལན་གསུམ་དང༌། རྒྱན་དང་ཆོས་མཆོག་ལ་སོགས་པ་འགྲེལ་པ་ཆེན་པོ་ཡན་ལག་དང་བཅས་པ་གསན། ཡང་དེ་ཉིད་ལས་མངོན་པ་མཛོད་དང༌། འདུལ་བ་མདོ་རྩ། སོ་སོར་ཐར་པ། དགེ་སློང་གི་ཀཱ་རི་ཀཱ་ལ་སོགས་པ་འདུལ་བའི་ཕྲན་ཐམས་ཅད་དང༌། གཞན་ཡང་དུས་འཁོར་གྱི་འགྲེལ་པ་དྲི་མ་མེད་པའི་འོད་ལ་སོགས་པ་དེའི་ཆ་ལག་ཐམས་ཅད་དང༌། གཞན་ཡང་བདེ་མཆོག །གསང་འདུས་འཕགས་སྐོར། ཡེ་ཤེས་ཞབས་ལུགས་སོགས་པའི་ཆ་ལག་ཐམས་ཅད་གསན་ནས་དེ་དག་གི་དབང་བསྐུར་བ་ཡང་ཞུས་ཤིང་ཐུགས་སུ་ཆུད་པར་མཛད་དོ། །དེ་ནས་སློབ་དཔོན་སྤྱི་བོ་ལྷས་པ་ལས་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ། ཉི་ཁྲིའི་འགྲེལ་པ། མངོན་པ་ཀུན་ལས་བཏུས་པ་སྤྱོད་ཕྱོགས་ཚོ། བཀའ་གདམས་ཀྱི་ཆོས་ཚོགས་ན། གསང་སྔགས་ཀྱི་མན་ངག་ཕྲ་མོ་འགའ་ཞིག་ཀྱང་གསན། གཞན་ཡང་ཐུགས་དམ་མཛད་པས་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་མངའ་བས། ཕྱི་ནང་གི་རྟེན་འབྲེལ་ཟབ་མོའི་འགོས་ཐུགས་སུ་ཆུད་པས་མ་འོངས་པའི་དོན་འགའ་ཞིག་འདི་ལྟར་འོང་ཞེས་ལུང་བསྟན་པ་ཡང་མཛད། མི་མང་པོའི་གསེབ་ཏུ་བཞུགས་ཀྱང༌། ཐུགས་དམ་གཟིགས་རྟོག་གང་མཛད་ཀྱང་གཞན་རྐྱེན་གྱིས་གཡེང་བར་མི་ནུས་གསུངས། ཡང་བླ་མའི་བྱིན་རླབས་ཞུགས་པ་ལ་བརྟེན་