R17: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།

  • Pagination (Witness A): ༡༢༡
[A:༡༢༡]ནུས་ཟེར་བའི་སྒྲ་བྱུང༌། ཕྱིས་གཡས་རུ་སྐྱ་བོ་ཁ་གདངས་ཀྱི་གཙུག་ལག་ཁང་ན་ཆོས་གསུངས་པའི་ཚེ་ན། དེ་ནི་ཁྱོད་ཀྱི་སྐྱེ་བ་མང་པོའི་དགེ་བའི་བཤེས་གཉེན་ཡིན་ནོ་ཟེར་བའི་སྒྲ་ཅིག་བྱུང་བའི་ཚེ་སྔར་གྱི་སྒྲ་དེ་ཏུར་གྱིས་དྲན་པར་བྱུང་གསུང་ངོ༌། །ཡང་དུས་གཅིག་ཅུང་ཟད་བསྙུང་བ་ན། འཇམ་དབྱངས་དང༌། ཀླུ་སྒྲུབ་དང༌། ཞི་བ་ལྷ་ལ་སོགས་པ་རྣམས་ཀྱིས་བསྙུང་གསོལ་མཛད་པའི་སྣང་བ་བྱུང་བ་དང༌། བོ་དོང་རིན་པོ་ཆེ་ལ་སོགས་པ་དག་པའི་གདུལ་བྱ་འགའ་ཞིག་གིས་འཇམ་དབྱངས་དང་དབྱེར་མེད་པར་མཐོང་ཞིང་ངེས་པ་རྙེད་པར་གྱུར་ཏོ། །མངོན་ཤེས་ཀྱང་མངའ་སྟེ། བྱང་ངོས་སུ་བྱོན་པའི་དུས་སུ་ཤིང་མོ་སྦྲུལ་གྱི་སྟོན་ཟླ་འབྲིང་པོ་ཤར་བ་དང་ཕྱག་ཕེབས་ནས་བགྲངས་པའི་ལོ་གཅིག་གི་གོང་ལྕགས་ཕོ་ཁྱིའི་ལོ་སྟོན་ཟླ་ཐ་ཆུངས་ཤར་བ་ན། དྲུང་ན་འདུག་པ་འགའ་ཞིག་ལ་ལྕགས་ཕག་ལ་ཞིང་གཞན་དུ་གཤེགས་གསུངས་པས་ཐོག་ཏུ་ཕེབས་སོ། །མཛད་པ་ཕྲིན་ལས་ཡང་འཆད་པའི་ཚེ་རྣམ་བཤད་རིགས་པ་ལས་བྱུང་བ་ལྟར་དགོས་བསྡུས་ཚིག་དོན་མཚམས་སྦྱར་བརྒལ་ལན་གྱི་སྒོ་ནས་གཞུང་མཐའ་དག་ལེགས་པར་གཏན་ལ་ཕབ་ཅིང༌། དྲིས་པའི་སྤོབས་པ་ཐོགས་པ་མེད་པ་སྐབས་སུ་བབ་པའི་ལན་ཆོས་དང་མཐུན་པར་འདེབས་ལ། རིག་པའི་གནས་ལྔ་གང་འཆད་ཀྱང་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་མཛད་པ་དང༌། མི་མ་ཡིན་པ་དག་གི་ཐེ་ཚོམ་གྱི་དྲ་བ་གཅོད་པར་མཛད་པ་ཡིན་ནོ། །དེ་ཡང་ཆོས་རྗེ་པ་བསམ་ཡས་སུ་བྱོན་པ་དང༌། བཙད་པོས་ཆོས་འཁོར་ལ་སྤྱན་དྲངས་ནས་ལམ་འབྲས་ཨ་ཐོར་ཐོན། རྒྱུད་ཀྱི་ཡང་བརྟག་པ་ཕྱི་མའི་ལྔ་པ་ཙམ་ན། སྲིན་པོ་རི་པ་དང་ཡོན་མཆོད་ཀྱི་འབྲེལ་པ་ཟབ་པར་ཡོད་པས་བཙུན་སྟོན་གྱི་གྲལ་མགོ་ལ་གདན་འདྲེན་དུ་བྱུང༌། སྤྱིར་ཡང་དབུས་ན་དགེ་བཤེས་ཆེ་བ་རེ་སྤྱན་འདྲེན། འབུལ་བ་ཚོ་ཡང་དེ་ལ་བྱེད། དེས་ཐབ་ཁ་རེ་བྱེད་དགོས་ཟེར། དེར་གཞུང་ལྷག་མ་ཚོ་བཀླགས། དེ་ནས་ཆོས་དང༌། གྲོས་དང་བྱིན་རླབས་ཞུ་བ་མཚན་