R17: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།

  • Pagination (Witness A): ༡༢༢
[A:༡༢༢]གང་བྱུང༌། དེར་གོ་ཆ་ཆེ་ཤོས་ཅིག་ན་རེ། འོ་ཅག་གི་ཞུ་བ་ལ་ཚར་བ་མིན། ད་ལྟ་རང་བཞུད་པ་ཡིན་སྐུ་ཁམས་ལྡོག་འོང་ཟེར་སོང༌། དེར་ཉེ་གནས་ཀྱིས་ཕྱི་ནས་སྒོ་ལྕགས་བཅུག་སྟེ། ཙོག་གེ་པ་ཅིག་ལ་མནལ་ལོག་པས། མནལ་ལམ་དུ་མི་སྐྱ་ཤར་ཚན་ཅིག་བྱུང་སྟེ། ཕྱག་འཚལ། ཕྱག་རྟེན་ཕུལ་ནས་གྲལ་མགོ་མ་ན་རེ། ཆོས་རྗེ་པ་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་པོ་འདིས་སེམས་ཅན་ཐམས་ཅད་སྡུག་བསྔལ་བར་མི་གདའ་ཡེ་ཟེར། དེ་དེ་བཞིན་འདུག་གསུངས་པས། འོ་ན་འདི་ལ་ཕན་པའི་གསོལ་འདེབས་འདྲ་བདོག་གེ་ཟེར་བས་འོ་ན་འདི་བཞིན་དུ་གསོལ་བ་ཐོབ་གསུང༌། སྐྱེ་བ་སྐྱེ་བ་མེད་པའི་ཚུལ་རྟོགས་ཀྱང༌། །ད་དུང་སྐྱེ་བའི་གཟེབ་ལས་བདག་མ་གྲོལ། །སྐྱེ་བ་ཀུན་དུ་སྐྱེ་བར་སྐྱེ་འགྱུར་བའི། །སྐྱེ་ངན་བདག་གི་སྐྱེ་བའི་སྐྱབས་མཛོད་ཅིག །གྱིས་ལ་གསོལ་བ་ཐོབ་གསུངས་པས། འོ་ན་རྒ་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བས་འཆི་བར་མི་གདའ་ཡེ་ཟེར། འོ་ན་གོ་འདུག་སྙམ་སྟེ། ཕྱག་རེ་འཚལ་ནས་ཐུགས་ལ་བཏགས་ཟེར་སོང་བ་རྨིས་ཏེ། མནལ་སད་དེ་བསམས་པས་དེ་བཞིན་དུ་འོང་བར་འདུག་གསུངས་སོ། །བསྟན་བཅོས་རྩོམ་པའི་ཚུལ་ལ། ཕན་པ་དང་སྡེབ་སྦྱོར་གཙོ་བོར་མཛད་པ་གཉིས་ལས་ཕན་པ་གཙོ་བོར་མཛད་པ་ཡང་ཚིག་དང་དོན་ལ་སྐྱོན་མེད་ཅིང་འབྲེལ་ཆགས་པའི་ངག་གིས་མདོ་རྒྱུད་དང་མཐུན་པར་བརྗོད་བྱ་གསལ་བར་སྟོན་ཅིང་དེ་ལ་ཡང་མཁས་པ་རྣམས་ཀྱིས་སྐྱོན་གདགས་པར་མི་ནུས་ལ་ངོ་མཚར་དུ་འཛིན་པ་ཁོ་ན་ཡིན་ནོ། །སྡེབ་སྦྱོར་གཙོ་བོར་མཛད་པ་དང་བདེ་བར་གཤེགས་པའི་བསྟོད་པ་དང༌། ཐུགས་རྗེ་ལ་བསྐུལ་བ་དང༌། ལེགས་པར་བཤད་པ་ལ་སོགས་པ་ཚིག་དོན་བསྡེབས་ལེགས་ཤིང་དཔེ་དང་དོན་མི་འགལ་བ། ལྕི་ཡང་དང་རིང་ཐུང་ལ་སོགས་པ་ལེགས་པར་ཕྱེད་ཅིང་ཚིག་གི་རྒྱན་དང༌། ངལ་བསོ་བའི་གནས་ལ་སོགས་པས་མཛེས་པར་བྱས་པས། རྩོམ་པའི་ཕྲེང་བ་མཆོག་ཏུ་གྱུར་པ་མཛད་པ་རྣམས་ནི་བརྗོད་པ་བདེ་ཞིང་རྣ་བར་སྙན་ལ་ཡིད་དུ་འོང་