[A:༤༩༤]གསུང༌། བློ་ལ་འདོད་ཆ་ཆེ་བ་ཡོད་ཀྱང་སྔར་སྐྱིད་གཤོངས་དར་ཆེན་པས་ཞོ་དོ་ཕུལ། དེ་ཙམ་མ་གཏོགས་གཞན་ཡེ་མ་བྱུང་ཞུས། ཕྱིས་བོ་དོང་དུ་ཕེབས་བྱུང་དུས་བྱ་གཤོངས་སུ་གདན་འདྲེན་ཙམ་ཞུས་པས་མགུལ་གྱི་དར་མདུད་གསེབ་ནས་གསེར་དངོས་གཙང་སྲང་གང་སྤུངས་ནས་ཕུལ། སྤྱིར་ཡང་སྦྱིན་བདག་ཆེན་པོ་འདིས་ངེད་ལ་ཐུགས་དཀར་བ་རང་མཛད། སྔ་ཕྱིར་ཇ་རྩེ་མོ་རྡུམ་བཞི། རྩེ་ཇ་ཉག་གསུམ་བཞི་བྱས་པའི་ཐུམ་མང་དུ་གནང་གྲྭ་ས་འཛིན་པ་ལ་ཤིན་ཏུ་ཕན་པར་བྱུང༌། དེ་འཕྲལ་བོ་དོང་ནས་སྤྲུལ་སྐུ་ཚངས་པ་བོས་གསེར་ཤོག་བརྡུང་ཤིང་རྩིའི་གསེར་ཤིན་ཏུ་ཕྱུག་པ་ཕྱོགས་ཀུན་ཏུ་སྙན་པས་ཁྱབ་པ་བྱུང༌། མིང་ཡང་བཀྲ་ཤིས་གསེར་ཁང་ཞེས་སྦྱིན་བདག་གི་མཚན་གྱི་ཟུར་དང་ལྡན་པ་དེ་ཉིད་ཡིན། ངུར་སྨྲིག་འདུ་བའི་ཀུན་དགའ་ར་བའི་ཁྱམས། །ཛམྦུའི་རྐང་འཐུང་ཉེར་གཅིག་འཆི་མེད་ཀྱི། །ནོར་བུ་སྣ་ཚོགས་བརྩེགས་ལ་ཅོ་འདྲི་བར། །སྣ་ཚོགས་ཚོན་མདངས་དབང་པོའི་གཞུ་བཞིན་བཀྲ། །ལྷུན་པོའི་བྱང་གི་བ་གམ་ཉི་འོད་ཀྱིས། །གཞུ་བཞིན་རིན་ཆེན་ས་ལེ་སྦྲམ་གྱི་མདངས། །འོད་ཟེར་འབར་བས་མཚན་ཡང་ཉིན་མོ་བཞིན། །ཀུན་གསལ་བཀྲ་ཤིས་ལྷག་བསམ་དགེ་བས་བསྐྲུན། །སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོ་དབྱར་གྱི་ཆ་ལ་སྤྲུལ་སྐུ་རྡོ་རྗེས་གནས་བཅུ་སི་ཐང་ལུགས་མཁྱེན་བརྩེའི་ཕྱག་སྲོལ་བཞིན་དང༌། ཚེ་དཔག་མེད་རྒྱན་དྲུག་གིས་བསྐོར་བའི་ཞིང་ཁམས་གཉིས། མཁན་རིན་པོ་ཆེ་བློ་གྲོས་རྣམ་པར་རྒྱལ་བས་གནང་སྦྱིན་སོགས་བདག་རྐྱེན་མཛད་ནས་བཞེངས། སྒོ་མཆོར་ཤིང་རྩི་གསེར་ཤོག་དང་བཅས་པ། ཆོས་གྲྭ་ནང་གི་ཐོག་ཕུབ་སྐྱང་ནུལ་དང་བཅས་པ་གྲུབ། ཆོས་གྲྭ་ཕྱིར་རྐང་འཐུང་གསར་པའི་སྐྱེད་ཚལ་མེ་ཏོག་སྣ་ཚོགས་བཀྲ་བའི་བཀོད་པ་ཡང་བགྱིས་པ་ལགས། ས་སྐྱོང་ཞེས་