[A:༤༩༥]པ་ཤིང་མོ་བྱ་ལོ་ཨྱོན་པའི་ཞིང་ཁམས་སྔོན་གྱི་ལོ་པཎ་གྱིས་བསྐོར་བ་དང༌། མི་ཟད་པ་ཞེས་པ་མེ་ཕོ་ཁྱི་ལོ་གྲུབ་ཐོབ་བརྒྱད་ཅུའི་ཞིང་ཁམས་གསེར་ཤོག་མ་གཉིས་བཞད་ནས་ཁང་པས་སྦྱིན་བདག་བྱས་ནས་བཞེངས། རི་མོ་མཁན་ཨྱོན་པའི་ཞིང་ཁམས་སྤྲུལ་སྐུ་རྡོ་རྗེའི་མཁྱེན་ལུགས་དང༌། གྲུབ་ཐོབ་བརྒྱད་ཅུའི་ཞིང་ཁམས་སྤྲུལ་སྐུ་བསྟན་རྒྱན་གྱི་སྨན་ལུགས་རི་མོ་ཡིན། ས་སྐྱོང་ཞེས་པ་ཤིང་མོ་བྱ་ལོ་ས་པཎ་གྱི་སྐུ་བརྙན་ཤིན་ཏུ་ལེགས་པ། འཕྲོག་བྱེད་རལ་པ་ཚར་བཅད་པ་དང༌། ཧོར་རྒྱལ་པོ་གོ་བརྟན་རྗེས་སུ་བཟུང་བ་སོགས་ཀྱི་རྣམ་ཐར་ཞིང་བཀོད་གསེར་ཤོག་དང་བཅས་པ་རོང་འཚོ་ནས་འབྱོར་ལགས་སྐུ་མཆེད་ཀྱི་སྦྱིན་བདག་མཛད་ནས་བཞེངས། རི་མོ་མཁན་སྤྲུལ་སྐུ་སྒང་བརྒྱུད་པས་སྨན་ལུགས་ཡིན། ཤིང་མོ་བྱ་དེ་ལ་རྗེ་བླ་མ་ཕྱོགས་ལས་རྣམ་པར་རྒྱལ་བའི་ཞིང་ཁམས། དྲུང་ཆེན་བློ་གསལ་དབང་པོས་སྦྱིན་བདག་བྱས་ནས་སྤྲུལ་སྐུ་རྡོ་རྗེས་བཟབས་བྲིས་མཁྱེན་ལུགས་ཤིན་ཏུ་ལེགས་པ་ཡོད། རྣ་བའི་བདུད་རྩི་སྙིང་ལ་འདྲེན་པ་ཡི། །ལེགས་བཤད་གཏམ་སྙན་མཁས་པའི་མགྲིན་པར་རྒྱུ། །མིག་གི་བདུད་རྩི་ཡིད་ལ་སིམ་བྱེད་པ། །ངོ་མཚར་རི་མོ་སོར་རྩེའི་རྫུ་འཕྲུལ་ཡིན། །མཉན་ཡོད་བླ་རིམ་འོད་དཔག་མེད་པའི་ཞིང༌། །ཆོས་ཀྱི་སྒྲ་སྒྲོགས་སྦྱིན་བདག་ཞིང་མཆོག་དེར། །པདྨའི་ཟེ་འབྲུར་སྐད་ཅིག་བརྫུས་ཏེ་སྐྱེས། །གནས་བཅུའི་བཀོད་མཛེས་ནོར་འཛིན་མཁའ་ལ་ཤར། །བཀའ་དྲིན་འཁོར་མེད་དམ་པའི་ཕྱག་པད་ནས། །ལྕགས་ཀྱུས་དྲངས་བཞིན་དད་ལྡན་འགྲོ་བའི་ཚོགས། །ཐུབ་དབང་ཞིང་དེར་ཐོགས་མེད་བགྲོད་པས་བདེ། །ཚེ་དཔག་མེད་མགོན་རྒྱན་དྲུག་མཆོག་གིས་བསྐོར། །ཚེ་ཡི་དངོས་གྲུབ་སྩལ་ནས་རྒྱན་དྲུག་གཞུང༌། །སོ་སོའི་