R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༩༦
[A:༤༩༦]དགོངས་དཔྱིད་ལོངས་ནས་བློ་གསལ་བ། །ལེགས་བཤད་ཆོས་ཆར་ཕབ་པ་དེ་ནས་བྱུང༌། །འཇམ་མགོན་བླ་མའི་ཞིང་ཁམས་ངོ་མཚར་རྨད། །བི་ཤྭ་ཀརྨས་གསར་དུ་བསྐྲུན་པ་བཞིན། །བྱིན་རླབས་བདུད་རྩིའི་ཟིལ་དངར་སྙིང་ལ་སྨིན། །ཅི་བསམས་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་འགྲིག །ལྔ་རིག་པཎ་ཆེན་ཤར་ཕྱོགས་མངོན་དགའི་ཞིང༌། །འཛམ་གླིང་ས་ལ་གསར་དུ་འཕོས་པ་བཞིན། །སྡོམ་རིག་གནད་འགག་ངེས་དོན་སྙིང་པོའི་བཅུད། །འཆད་ཅིང་འདོམས་པའི་རྣམ་དཔྱོད་སྤོབས་པ་ཐོབ། །པདྨ་ཀ་ར་ཨཽཌྜི་ཡཱའ་ན་ནས། །རྫུ་འཕྲུལ་གར་གྱིས་རོལ་བཞིན་མཁའ་ལས་བྱོན། །ནག་ཕྱོགས་བདུད་དཔུང་བཅོམ་ནས་རྒྱ་མཚོ་ཡི། །སྐ་རགས་ཅན་འདི་དཀར་ཕྱོགས་ལྷ་མིས་བཀང༌། །འཕགས་པའི་ཡུལ་ནས་གྲུབ་ཆེན་བཅུ་ཕྲག་བརྒྱད། །རང་རང་རྫུ་འཕྲུལ་ངོ་མཚར་སྟོན་བཞིན་དུ། །མཉན་ཡོད་དྲི་ཡི་གཙུག་ལག་ཁང་འདིར་འཕུངས། །བྱིན་རླབས་བསླུ་མེད་འདོད་དགུའི་ཆར་གྱིས་ཟིམ། །སྦྱིན་པོ་དད་ལྡན་འཚོ་ཞིང་གཞེས་པ་དང༌། །འཇིག་རྟེན་འདི་ནས་མཐོ་རིས་སོན་པ་རྣམས། །སྐྱེ་དང་སྐྱེ་བར་བདེ་བའི་ཡོན་བླངས་ནས། །དག་པའི་ཞིང་དུ་དགའ་ཞིང་རྩེ་བས་རོལ། །ས་སྐྱོང་ཞེས་པ་ཤིང་མོ་བྱ་དཔྱིད་ཀྱི་དུས་འདར་ནས་མི་དབང་ལྷུན་ཆེན་དྲུང་གིས་ཕྱག་རྟགས་ཤིག་ཕེབས་དུས་དེར་ཡང་གསན་ཡོད་དམ་རྗེ་མཁན་དྲུང་སྐུ་ཁམས་ཅུང་ཟད་བསྙེལ་བ་ཞིག་ཡོད་པ་འདྲ་ཟེར་རོ་གསུང་བ་ཞིག་ཕེབས། ངེད་དེ་གོང་འདར་གྱི་སྒྲུབ་མཆོད་ལ་ཤོག་ཟེར་འགྲོ་རྩིས་སུ་ཡོད། རྗེ་བླ་མ་སྐུ་བསྙེལ་ན་འདིར་བང་ཆེན་ཞིག་མི་ཡོང་བའི་སྒོ་མེད་ཅི་ཡིན་སྙམ་པ་ཤར། དེ་ནས་ཆོས་མཚམས་ཤིག་ཏུ་སླེབ་པས་གསོལ་ཕུ་ནས་འབྱོར་ལགས་ཀྱིས་ཆོས་མཚམས་ལ་ཡོང་དགོས་གསུང་བ་ཕེབས། ད་ལན་