[A:༤༩༨]ཐུགས་མཚོར་བཅངས་ནས་གདན་ལ་བཞུགས། །འདི་བསམ་ཞིང་དྲན་པ་མིག་ཆུ་གཡོ། །དེ་ནས་མཇལ་མ་ཐག་ཁྱེད་ཡུན་རིང་བ་དེ་བརྡ་མ་འབྱོར་བ་ཡིན་པ་འདྲ། ད་འདིར་བྱོན་གསུངས་ནས་སྐུ་ཞོགས་གཡས་ཀྱི་གདན་ཞིག་གི་སྟེང་དུ་བཞག་ཕྱག་གཡས་ཁོ་བོའི་ལག་པ་གཡོན་དང་སྦྲེལ་ནས་ད་ཁོ་བོ་ལ་དགྱེས་རྡོར་དབང་གོང་མའི་གསལ་འདེབས་ཤིག་གྱིས་ཤིག་གསུང༌། ཁྱེད་ངའི་སློབ་མ་ཡང་ཡིན་བླ་མ་ཡང་ཡིན་དད་མོས་ཤིན་ཏུ་ཆེ་བ་ཡོད། གཞན་བླ་མ་འར་མ་འུར་མ་འདི་རྣམས་ལ་དད་རྒྱུ་རང་མེད་གསུང༌། འོ་ན་མཆོད་བཤོམ་ཞིག་དགོས་སམ་ཞུས་པས་ལོས་དགོས་གསུང༌། དེ་ནས་རིང་ཞིག་གི་བར་དུ་བག་ཕེབས་པའི་གསུང་འཕྲོས་མང་པོ་ཞིག་གིས་གཡེངས། ས་སྲོས་སོང་ཙ་ན་ད་ང་ལ་དབང་མི་བྱེད་པ་ཡིན་ནམ་གསུང༌། འོ་ན་མཆོད་བཤོམ་ཡང་མ་གྲུབ་ལགས་ཞུས་པས་ད་ལམ་བསྡུས་ཤིག་ལོངས་ལ་དབང་བསྐུར་དེ་གས་ཆོག་གསུང༌། དེ་ནས་གཟིམས་ལམ་དུ་ཕེབས་སྐུ་ཚེགས་མཛད་ངའི་ཆོས་གོས་དང་སྣམ་སྦྱར་ཁུར་ཤོག་གསུང༌། ཕྱག་གཡོག་རྣམས་ཀྱི་སྐུ་གཟན་སྐུ་ཆོས་སྐུ་རྒྱབ་ལ་ཕུལ། སྣམ་སྦྱར་སྐུ་མདུན་ལ་གཡོགས་འདུག་པས་འདི་གང་ཡིན་གསུང༌། སྣམ་སྦྱར་ཡིན་ཞུས་འདུག་པས་ཁྱེད་ལ་ཉམས་རང་མི་འདུག །སྣམ་སྦྱར་འདི་སྐད་བྱས་སུ་གྱོན་རྒྱབ་ལ་ཁོབ་གསུང༌། དེ་ནས་ཁོ་བོས་དབང་འབུལ་བའི་ལུགས་བྱས་པས་བཟང་དར་དམར་པོ་ཁ་དོ་འབྲེལ་ཞིག་གནང་འདི་དབང་ཡོན་ནོ་གསུང༌། མཎྜལ་དང་བརྡ་སྦྱོར་མཆོད་གཡོག་པ་དགེ་སློང་བཟོད་རིན་གྱིས་བྱས། ཁོ་བོས་དབང་གི་འཇུག་པ་སོགས་གང་ཞིབ་འབུལ་བའི་ལུགས་བྱས་པས་དེ་འདྲའི་ཞིབ་ཞིབ་རང་མི་དགོས་གསུང༌། ཁོ་བོས་ཐུགས་ཁྲེལ་གྱི་དོགས་བུམ་དབང་ནས་བརྩམས་གང་ཞིབ་ཕུལ། མཆོད་གཡོག་པས་ད་དབང་གི་དངོས་