R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༩༩
[A:༤༩༩]གཞི་ན་སླེབ་འདུག་ཞུས་འདུག་པས། དགོད་བྲོ་འདི་ལ་ཡང་དབང་གི་ཉམས་ཡོད་པའི་ལུགས་བྱེད་ཀྱིན་འདུག་གསུང་བཞད་གད་མཛད། དེ་ནས་དབང་རྫོགས་དུས་མཆོད་གཡོག་པས་དབང་རྫོགས་སོང་ཞུས་འདུག་པས་སོང་སོང་དགོས་པ་འདྲའང་སོང༌། མི་དགོས་པ་འདྲའང་སོང་གསུང་སྟེ་དབང་གོང་མ་ཙམ་གྱིས་ཆོག་རྒྱུར་འདུག །དེ་ནུབ་སྐུ་ཁམས་ཤིན་ཏུ་བདེ་དད་ལྡན་སློབ་མའི་དབང་གིས་མ་གཏོགས། དེ་ནུབ་དག་པའི་ཞིང་དུ་གཤེགས་པར་བརྩམས་པའི་ཚོད་དུ་འདུག །སང་ཉིན་རབ་གསལ་དུ་ཉི་མ་ལ་ཕེབས། འཚོ་བྱེད་རྣམས་ནི་ཕྱག་རྩ་ལ་ནི་སྐྱོན་ཡེ་མེད་གསོལ་ཇ་ནག་རྩེ་ནི་བཞེས་གསོལ་བ་གསོལ་ཐུག་སོགས་ནི་དགའ་མོ་འགྲོ། མནལ་དུ་ནི་ཕེབས་སྐུ་མདངས་ནི་དགའ་མོ་ཡོད་ད་ལོ་རང་སྐུ་སྐྱོན་པ་མི་ཡོང་ལས་ཆེ་ཟེར། བདག་རང་གིས་ཀྱང་དེ་ག་ཞུས་པས་ཁོ་བོ་ད་ལོ་མི་སྡོད་ཚེ་ཡང་རིང་པོ་བྱུང༌། སྐྱིད་པོ་ཡང་བྱས། ཆོས་རྣམ་དག་བྱས་ཟེར་བ་ལ་ནི་དཀའ་སེ་འདུག་བློ་ཚད་པོ་བྱས་མི་ཚད་མ་ཞིག་ཡིན་གསུང༌། དྲིན་འགྲན་ཟླ་བྲལ་བའི་འཇམ་དབྱངས་རྗེ། །གནས་དུས་གསུམ་གཟིགས་པའི་སྤྱན་དང་ལྡན། །ཐུགས་བསླུ་མེད་མཁྱེན་བརྩེའི་ནུས་པ་ལྡན། །དུས་འདའ་ཀའི་ཞལ་གདམས་ལྷུག་པར་གནང༌། །སང་ཉིན་ཉེར་ལྔའི་ནམ་ལང་ལ་ཕྱག་འབུལ་ལ་ཕྱིན་པས་ཆོས་རྗེ་པ་ཆོས་འཆག་མི་འགྲོ་ཡམ་གསུངས། བདག་སྐུ་ཁམས་ཀྱི་ཚོད་ཟིན་ཟིན་མི་འགྲོ་ལགས་ཞུས་པས་ཁམས་ཀྱི་ཚོད་དེ་རིང་ཟིན་ཡོང་གསུང༌། ཁོ་བོ་ཐེ་ཚོམ་དུ་གྱུར་དེ་རིང་སང་སྐུ་གཤེགས་གཤེགས་ནི་མི་འདྲ་སྐུ་ཁམས་ཅུང་བཟང་དུ་འགྲོ་བ་ནི་ཨེ་སྲིད་བསམ་པ་ཙམ་བྱུང༌། དེ་ནས་ད་ཉི་མ་ལ་འགྲོ་གསུང་ཤིན་ཏུ་སྔ་བར་ཉི་མ་ལ་ཕེབས། རྗེ་བཙུན་དྲུང་ཡང་ཕེབས་ནས་