R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༠༡
[A:༥༠༡]འདྲ་སྦྱར་སེར་མ་འཕྲལ་ལ་གདང་བྱུང༌། དེ་ནས་གཟིམས་ཆུང་དུ་གཟིམས་མལ་ཕྱག་ཕྱི་བྱས་ངེད་ཀྱི་གཟིམས་ཆུང་དུ་ག་ལམ་བསྡུས་བླངས་གཏོར་བསྔོའི་སྐབས་ན་ཡོད། དགེ་སློང་པས་ལམ་བསྡུས་རབ་གསལ་དུ་གྲུབ་ནས་སྐུ་གཞོག་ལ་སླེབ་པ་ཙམ་འདུག །དེ་ནས་དགེ་སློང་བཟོད་རིན་ད་འདིར་མགྱོགས་པོ་ཕེབས་ཤིག་ཟེར་དེ་མ་ཁད་ཕྱིན་པས་གཟིམས་མལ་ན་སྐུ་སིར་བསྲང་བཞུགས་འདུག །དགེ་སློང་པས་འདི་སུ་ཡིན་པ་འདུག་ཞུ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་ཡིན་པ་འདུག་ད་ངེད་ལ་གསལ་འདེབས་འདྲ་གྱིས་ཤིག་གསུང༌། ཁོ་བོས་མིག་ཆུ་མང་དུ་ཤོར་སྐད་འདར་རེ་བ་ཞིག་ལ་གསལ་འདེབས་འབུལ་ལུགས་བྱས་པས་ཆོས་རྗེ་པ་རྟབ་རྟོབ་མ་བྱེད་པར་ལྷོད་ཀྱིས་གསུང༌། ཁོ་བོས་བུམ་དབང་གི་འདའ་ཀ་མ་འབུལ་ལུགས་བྱས་པས་དབུ་ཕྲུག་མཛད་དེ་མི་དགོས་གསུང་གི་བརྡ་ཡིན་པ་འདུག །གསང་དབང་གི་འདའ་ཀ་མ་འོད་གསལ་ནས་འཕོ་བ་དང༌། ཤེར་དབང་གི་འདའ་ཀ་མ་ནམ་འཆི་བའི་ཚེ་ན་རྡོ་རྗེ་སེམས་དཔའ་འབྱོན་པར་འགྱུར་བ་དང༌། བཞི་པའི་འདའ་ཀ་མ་ལམ་ཕྱག་རྒྱ་ཆེན་པོ་ནས་འཕོ་བ་གསུམ་གྱིས་གསལ་འདེབས་ཕུལ་བས་ཤིན་ཏུ་དགྱེས་དབུ་གུག་གུག་པ་མཛད་ཀྱིན་འདུག །དེ་ནས་སྐབས་ཤིག་ངེད་ཐེག་གསུང་གིན་འདུག་བཏེག་པས་མི་ཡོང་བ་འདུག །འབྱུང་བ་ས་ཐིམ་པའི་རྟགས་ཡིན་པས་ཐུགས་དམ་ལ་འཇོག་པ་ཞུ་ཞུས་པས་རེ་ཞིག་མཉམ་གཞག་ལ་བཞུགས། སླར་ཡང་ཐེག་གསུང་རྗེ་དབོན་བློ་གསལ་གྱིས་སོས་དལ་གྱིས་སྐབས་སུའང་གཞན་འདི་ཚོ་ནི་རྡོ་རྗེ་སྐྱིལ་ཀྲུང་བྱས་ཤི་ཟེར་ཡགས་ཡགས་བྱེད་པ་ཞིག་འདུག །ཁོ་བོ་ཅག་ནི་ཤཱཀྱ་ཐུབ་པའི་འཆི་ལུགས་ཀྱིས་ཡོང་གསུང་བ་ཞིག་ཡོད་པས་སྐུའི་བཞུགས་སྟབས་འདི་བཅོས་ན་ཟེར་བས་དེ་ག་བཞིན་ཞབས་རྡོ་རྗེ་སྐྱིལ་