[A:༥༠༢]ཀྲུང་བཀྲོལ། སེང་གེའི་ཉལ་སྟབས་སུ་བསྒྱུར་བས་ཐུགས་དགྱེས། ད་གསལ་ཐོབ་ཅིག་གསུངས། གོང་མ་གསུམ་གྱི་འདའ་ཀ་མ་སླར་ཡང་གསལ་འདེབས་ཕུལ་བས་ཕལ་པ་ལྟར་ན་དར་སོག་མགུལ་གྱི་མགྲིན་པ་ན་ཏོང་ཏོང་བ་ཙམ་འདུག་ཀྱང་ངེད་ཀྱི་གསལ་འདེབས་ཐུགས་ལ་འབབ་མི་འབབ་ལ་དབུ་གུག་གུག་པ་དང་དབུ་སྒྲིལ་བ་གནང་གིན་འདུག །དེ་ནས་ཚངས་ཕུག་ཅུང་མཐོ་བ་ཙམ་དང༌། དབུ་ཟིལ་པ་ཁྲོམ་པ་ཙམ་འདུག་པས་འོད་གསལ་མ་བུ་ཞལ་མཇལ་བའི་ཉམས་ལེན་ཕུལ་དུ་ཕྱིན་པས་རྟེན་འདི་ལ་གྲུབ་མཐའ་སྙོགས་པར་གདོན་མི་ཟ། ངེད་དཔོན་སློབ་ཕན་ཚུན་ཆགས་ན་ཡང༌། །དུས་དེ་ཚེ་ཆགས་སྡང་འཆིང་ཐག་ཆད། །སེམས་བདེ་ཆེན་འོད་གསལ་ངང་ཉིད་ནས། །ལམ་སོ་སོར་གྱེས་ཀྱང་འབྲལ་མ་མྱོང༌། །དེའི་ཚེ་བདག་ཅག་གཙོ་འཁོར་ཐམས་ཅད་བདེ་བ་ནས་བདེ་བར་འགྲོ་བ་ལ་མཁས་པ་སུ་ཞིག་སྒྱིད་ལུག་བྱེད་ཅེས་དང༌། བྱམས་པས། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང༌། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་པའི་དུས་དང་རྒུད་པའི་དུས་ནའང་འདི། །ཉོན་མོངས་སྡུག་བསྔལ་དག་གིས་གནོད་པ་མེད། །ཅེས་པ་ལྟར་རྗེ་བླ་མ་ནི་སྐྱེད་མོས་ཚལ་རྙིང་པ་ནས་གསར་པར་འཕོ་བ་ལྟར་ཐུགས་དགྱེས་པ་ཆེན་པོས་ཞིང་མཆོག་དམ་པར་གཤེགས་པ་དང༌། འཁོར་རྣམས་ཀྱང་ལུས་སེམས་ལ་སྡུག་བསྔལ་གྱི་ཚེར་མ་མེད་པར་སེམས་སྤྲོ་སག་གེ་བ་དང༌། དགའ་སག་གེ་བའི་ངང་ལ་དུས་འདའ་བ་བྱུང༌། སྐྱིད་གཤོངས་དར་ཆེན་པས་རང་རེ་དཔོན་སློབ་ཀུན་འཛོམས་ནས་འཕོ་ཚུལ་རང་དབང་ཐོབ་པ་འདི་ལྟ་བུ་ཡོང་བསམ་པ་མ་བྱུང༌། སྔར་བས་ཀྱང་དད་པ་ཆེས་ལྷག་པ་ཐོབ། ད་སྡུག་བསྔལ་བྱེད་རྒྱུ་སྤུ་ཙམ་མེད་དོ་ཟེར། བཀའ་དྲིན་མཚུངས་བྲལ་འཇམ་མགོན་བླ་མ་རྗེ། །འོད་གསལ་ངང་ནས་དཀར་